བདུད་མ་ཊམ་རུ་ཊ་བཏུལ་ཏེ་ ཀླདཔ་གཏོར་བཏང་ས།

ཨྱོན་གུ་རུ་རིན་པོ་ཆེའི་སྦས་གནས་ མཁར་ཆེན་བདག་འཛིན་འཐབ་མི་མེདཔ།

༉ བཀྲིས་གཡང་རྩེ་ འབུམ་སྡེ་གླིང་རྒེད་འོག་གི་ འོག་ལུ་ཡོད་མི་ མཁར་ཆེན་གནས་དེ་ རྒྱལ་ཁབ་ནང་ ཨྱོན་གུ་རུ་རིན་པོ་ཆེ་གིས་ བྱིན་གྱིས་བརླབས་གནང་པའི་ སྦས་གནས་ཁྱད་པར་ཅན་ ལེ་ཤ་ཡོད་མིའི་གྲངས་སུ་ གཅིག་ཨིན་རུང་ ད་རེས་ནངས་པར་ གནས་དེ་ཁར་ དཀོན་གཉེར་ཅིག་ཡང་མེདཔ་ཨིན་པས།

བྱིན་རླབས་ཅན་གྱི་ མཁར་ཆེན་གནས་དེ་ ཚྭ་གླིང་གཡུས་ཚན་ལས་ དུས་ཡུན་ཆུ་ཚོད་༤ དེ་ཅིག་ འགྱོ་བའི་སྐབས་ ལྷོད་དོ་ཡོདཔ་ད་ ཚྭ་གླིང་ཟེར་མི་དེ་ ཧེ་མར་ གཉའ་རྒོད་དམ་མ་སང་ འགག་པ་བསམ་གྲུབ་ཀྱིས་ བོད་ལས་ ཚྭ་དོ་བཏོན་ཏེ་ གཡུས་ཚན་དེ་ནང་ བཀྲམ་སྤེལ་འབདཝ་ད་ ཚྭ་དོ་༡ གིས་ར་ ག་ར་ལུ་ ཁྱབ་ཚུགས་མི་ལུ་བརྟེན་ གཡུས་ཚན་གྱི་མིང་ཡང་ ཚྭ་གླིང་ཟེར་ བཏགས་ཡོདཔ་ཨིན་པས།
གཡུས་ཁའི་མི་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ མཁར་ཆེན་གནས་ཟེར་ སྤྱིར་བཏང་མཁར་ཟེར་མི་དེ་ རང་བཞིན་ལྷུན་གྱིས་གྲུབ་མི་ ཁྱིམ་མམ་རྫོང་ཅིག་ལུ་ གོཝ་ཨིནམ་ད་ གནས་དེ་ གུ་རུའི་སྦས་གནས་ ཁྱད་པར་ཅན་ཨིནམ་ལས་ གནས་དེ་གི་མིང་ཡང་ མཁར་ཆེན་གནས་ཟེར་ བཏགས་བཏགསཔ་འོང་ནི་མས་ཟེར་ཨིན་པས།
དེ་བཟུམ་སྦེ་ བོད་ལུ་ཡོད་མི་ མཁར་ཆེན་གནས་༢ པ་དང་ དབྱེ་བ་ག་ནི་ཡང་མེདཔ་སྦེ་ བརྩི་དོ་ཟེར་ཨིནམ་ད་ རིགས་གསུམ་དགོན་པའི་ བླ་རབས་༣ པ་ བླམ་ངག་དབང་བློ་གྲོས་ཀྱིས་ མཛད་གནང་མི་ མཁར་ཆེན་བྲག་གི་གནས་བདག་ བདུད་བཙན་ཧཱུྃ་ཀཱ་ལའི་ གསོལ་ཁའི་ནང་ཡང་ ཐོན་དོ་ཡོདཔ་ལས་ གུ་རུའི་སྦས་གནས་ ཁྱད་པར་ཅན་ཨིན་པའི་སྐོར་ལས་ ཐེ་ཚོམ་ག་ནི་ཡང་ མེདཔ་ཨིན་པས།
མཁར་ཆེན་གནས་དེ་ལུ་ རང་ཟླ་༣ པའི་ཚེས་༡༠ ལས་༣༠ ཚུན་ ཉིན་གྲངས་༢༠ དེ་ཅིག་གི་རིང་ རི་བསྡམ་འབད་དོ་ཡོད་མི་དེ་ཡང་ དུས་ཚོད་དེ་ཁར་ གནས་ཀྱི་ས་ཁོངས་དེ་ནང་ མི་གསརཔ་འཛུལ་བའི་སྐབས་ སེརཝ་དང་ ཆརཔ་ཤུགས་སྦེ་ར་ རྐྱབ་པ་ཅིན་ ལོ་ཐོག་ཚུ་ མེདཔ་གཏང་ནིའི་ ཉེན་ཁ་ཡོད་མི་ལུ་བརྟེན་ཨིན་པས།
གནས་ཆེན་དེ་ གུ་རུའི་སྦས་གནས་འབདཝ་ལས་ ཧེ་མ་འབད་བ་ཅིན་ འབུམ་སྡེ་གླིང་ཕན་སྟེང་དང་ མྱང་སྟེང་ སྦས་གླིང་ སྦིམ་མཁར་དེ་ལས་ སྦ་གནས་གཡུས་ཚན་གྱི་ མི་ཚུ་གིས་ སྦྱིན་བདག་འབད་ཐོག་ལས་ ལོ་བསྟར་བཞིན་དུ་ ཚོགས་འཁོར་བསྐོར་སྲོལ་ཡོད་རུང་ ད་རེས་ནངས་པར་ ཉམས་ཡོདཔ་ཨིན་པས།
གཡུས་མི་ཚུ་གིས་ སླབ་མིའི་ནང་ ད་རེས་ གནས་ཆེན་དེ་ཁར་ སྒྲུབ་པ་གནང་བཞུགས་མི་དང་ དཀོན་གཉེར་ཟེར་ ག་ཡང་མེདཔ་ལས་ བདག་མེད་བཟུམ་སྦེ་ ལུས་ཏེ་ཡོད་ཟེར་ཨིནམ་ད་ མི་ཚུ་གིས་ ཐག་རང་བཅད་ཀྱི་ཐོག་ལས་ བདག་འཛིན་འབད་མི་ བཙུགས་པ་ཅིན་ སྟབས་མ་བདེཝ་འཐོན་སྲིད་ནི་ཨིནམ་མ་ཚད་ ལྷག་པར་དུ་ སོ་ནམ་པ་འབདཝ་ལས་ ལཱ་ཁག་འདུག་ཟེར་ཨིན་པས།
ཁོང་གིས་འབད་བ་ཅིན་ ག་དེམ་ཅིག་སྦེ་ གནས་དེ་ཁར་ མཆོད་ཡོན་ཞབས་ཏོག་རེ་ཞུ་སྟེ་ སྡོད་མི་འཐོན་པ་ཅིན་ གཡུས་ཚན་ལས་ཡང་ ཐག་མ་རིང་པའི་ཁར་ ཆུ་དང་ཤིང་ སྡོད་ཁྱིམ་ལ་སོགས་པའི་ མཐུན་རྐྱེན་ཚུ་གི་ དཀའ་ངལ་མེདཔ་མ་ཚད་ འགྲུལ་འཕྲིན་མོ་བཱ་ཡེལ་གྱི་ བརྒྱུད་ལམ་ཡང་ བདའ་ཟུན་ཟེར་ཨིན་པས།
ངག་རྒྱུན་དང་འཁྲིལཝ་ད་ གནས་སྒོ་དེ་གི་ལྟག་ལུ་ མཁར་ཆེན་བྲག་གི་ཁ་ཐུག་ འགྱོ་བའི་སྐབས་ གཡས་ཁ་ཐུག་གི་ རྡོའི་གུ་ གཡུའི་རང་འཐག་རང་བྱོན་དང་ རིགས་གསུམ་དགོན་པའི་གནས་ མངོན་སུམ་དུ་ཡོདཔ་མ་ཚད་ དུར་ཁྲོད་བསིལ་བའི་ཚལ་ མཇལ་ནི་ཡོད་མི་དེ་ཁར་ རང་གིས་ ཤི་བའི་ཚུལ་བཏོན་པ་ཅིན་ ལོ་༣ ཤི་རྐྱེན་ལས་ ཟློག་ཐབས་འབད་ཚུགས་ཟེར་ཨིན་པས།
དེ་ལས་ སྒྲུབ་ཕུག་གི་ལྟག་ལུ་ རྒྱལ་བའི་བཀའ་འགྱུར་ གཏེར་ལུ་སྦས་བཞག་མི་དང་ གཡས་གཡོན་ལུ་ མཁའ་འགྲོའི་སྒྲུབ་ཁང་ འོག་ཕྱོགས་ཀླུ་གིས་ ནོར་བུ་ཕུལ་མི་ཚུ་ མཇལ་ནི་ཡོདཔ་ད་ སྤྱིར་བཏང་ གུ་རུའི་སྒྲུབ་ཕུག་ཡོད་སའི་ བྱག་དེ་ཁར་ མཆོད་ཆས་ཆ་ཚང་སྦེ་ ཡོདཔ་མ་ཚད་ མཆོད་པའི་ལྷ་མོ་དང་ དཔའ་བོ་དང་དཔའ་མོ་ཚུ་ བཞུགས་ཡོདཔ་སྦེ་ བཤད་སྲོལ་འདུག།
ལམ་སྲོལ་ལས་ཁུངས་ཀྱིས་ གནས་ཁང་གི་ཕྱོགས་དེ་ སྒང་མཁར་དུང་གཡུས་ཚན་ཁ་ཐུག་ བསྒོར་ཡོད་མི་ལུ་བརྟེན་ གཡུས་ཚན་དེ་ཁར་ བ་མེན་དང་ རྒྱ་ཚམོ་ལ་སོགས་པའི་ ནོར་གྱི་རིགས་ཚུ་ དར་ཁྱབ་དང་ གོང་འཕེལ་སོང་མི་དེ་ རྒྱུ་མཚན་དེ་ལུ་བརྟེན་ཨིནམ་ད་ ཛམ་བྷ་ལའི་ གནས་ཁང་ལུ་འགྱོ་སའི་ ལམ་འོག་གི་བྱག་གུ་ གཤིན་རྗེ་ཕོ་མོ་ཡོདཔ་མ་ཚད་ གནས་སྒོ་ལས་ ཁྱི་དང་བྱ་པོད་ཀྱི་ སྐད་ཚུ་ཡང་ གོ་ནི་ཡོད་ཟེར་ བཤད་སྲོལ་འདུག།
རྟ་ཕག་ཡབ་ཡུམ་༢ ཀྱིས་ བདུད་མ་ཊམ་རུ་ཊ་བཏུལ་ཏེ་ ཀླདཔ་གཏོར་བཏང་པའི་སྐབས་ བདུད་ཀྱིས་ ང་བཅས་ཀྱི་ ཀླདཔ་གིས་ ག་ཏེ་ཁྱབ་སར་ མ་ཊམ་རུ་ཊ་གིས་ གང་བར་ཤོག་ཅི་ཟེར་ སྨོན་ལམ་ལོག་པ་བཏབ་ད་ རྟ་ཕག་ཡབ་ཡུམ་གྱིས་ ག་ར་རྟ་ཕག་གིས་ གང་བར་ཤོག་ཟེར་ སྨོན་ལམ་བཏབ་སྟེ་ རྟ་ཕག་ལུ་ བྱིན་གྱིས་བརླབས་གནང་ཡོདཔ་བཞིན་དུ་ དེ་ཁར་ རྡོ་ཡོད་མི་ཚུ་ག་ར་ རྟ་ཕག་ཡབ་ཡུམ་ཨིནམ་སྦེ་ བཤདཔ་ཨིན་པས།
གནས་དེ་གི་རྒྱབ་ཁར་ གནས་བདག་ཧཱུྃ་ཀཱ་ལ་དང་ སྨན་མོ་༢ ཀྱི་ཕོ་བྲང་དང་ དེ་ནང་ ཨ་ལོ་གསོ་ཚུགས་ནིའི་དོན་ལུ་ ཨ་ལོའི་སྒྲིབ་པ་བཤུད་ས་ཡོདཔ་ད་ ཕོ་བྲང་དེ་ འབུམ་སྡེ་གླིང་ཁ་ཐུག་ བསྒོར་ཏེ་ཡོདཔ་ལས་ དེ་ཁའི་མི་ཚུ་ ཕྱུགཔོ་འགྱོ་དོ་ཡོད་མི་དེ་ དེ་ལུ་བརྟེན་ཨིནམ་སྦེ་ གཡུས་ཁའི་རྒན་རྒས་ཚུ་གིས་ བཤདཔ་ཨིན་པས།
སྤྱིར་བཏང་ གནས་དེ་གི་སྐོར་ལས་ གསེར་ཉ་ཞིང་དགོན་པའི་བླམ་ ནགས་སེང་ཟེར་མི་དེ་ བོད་ལས་ཨིན་རུང་ ཁོ་གིས་ མཁར་དུང་གི་ སློབ་དཔོན་ཅིག་ལུ་ བཤད་བྱིན་ཡོད་མི་ལུ་བརྟེན་ ངག་རྒྱུན་ཚུ་ དེ་ལས་བརྒྱུད་དེ་ འོང་ནུག་ཟེར་ ཚྭ་གླིང་གཡུས་ཚན་གྱི་ རྒན་ཤོས་ཚུ་གིས་ བཤད་ནི་འདུག།
མཁར་ཆེན་གནས་དེ་ཁར་ དུར་ཁྲོད་བསིལ་བ་ཚལ་དང་ གསེར་རྔ་རང་བྱོན་ དུང་དཀར་རང་བྱོན་ གུ་རུའི་སྒྲུབ་ཕུག་ ཛམ་བྷ་ལའི་གནས་ཁང་ ཚྭ་གཏེར་སྦས་པ་ རོ་དངོས་གྲུབ་ཅན་ རྡོ་རྗེ་ཕག་མོའི་གནས་ཁང་ ཕག་མོའི་སྒྲུབ་ཕུག་ རྡོ་རྗེ་ཕག་མོའི་ དབུའི་རང་གཟུགས་ བདུད་མ་ཊམ་རུ་ཊའི་ ཀླདཔ་གཏོར་ས་ དུང་དཀར་རིས་མོ་ རྣམ་སྲས་ཕོ་བྲང་ དེ་ལས་ རྒྱལ་སྲིད་སྣ་བདུན་གཏེར་ལུ་སྦས་པ་ དམ་ཆོས་པོ་ཏི་༡༦ རང་བཞུགས་ཚུ་ མཇལ་ནི་འདུག།
དེ་བཟུམ་སྦེ་ གུ་རུའི་ཞབས་རྗེས་ ཕྱག་མཛུབ་ཀྱི་པར་ ལས་མགོན་བྱ་རོག་གདོང་ཅན་ ཀླུ་མོ་སྟག་གདོང་མ་དང་ ཛམ་བྷ་ལའི་ཞབས་རྗེས་ ཚེ་བུམ་རང་བྱོན་ གུ་རུའི་ཞབས་རྗེས་ ཞི་ཁྲོ་དམ་པ་རིགས་བརྒྱའི་ལྷ་ཚོགས་ སྡིག་པ་རཱ་ཛ་རང་བྱུང་ ཕག་མོའི་བླ་མཚོ་དང་ དེའི་ལྟག་ལུ་ བྲག་ཕུག་མ་རཱ་ཏི་ཀའི་ ཚུལ་ཨིན་ཟེར་ གནས་ཅིག་ཡོདཔ་སྦེ་ བཤད་ནི་ཡོད་རུང་ གསལ་ཏོག་ཏོ་སྦེ་ སྟོན་ཚུགས་མི་ མིན་འདུག་ཟེར་ ཞུ་ནི་ཨིན།

བསམ་ལྗོངས་ལས་ སྐལ་བཟང་དབང་ཕྱུག།

About admin

Check Also

ལྗིད་ཚད་འཐུ་ནིའི་ནང་ བཅའ་མར་གཏོགས་མི་གངམ་མེདཔ།

༉ འབྲུག་ཨོ་ལིམ་པིག་ཚོགས་པ་གིས་ ལྗིད་ཚད་འཐུ་ནི་དེ་ འགོ་དང་པ་ སྤྱི་ལོ་༢༠༡༧ ལས་ འགོ་བཙུགས་ཡོད་རུང་ བཅའ་མར་གཏོགས་མི་ ཉུང་སུ་ཅིག་ལས་བརྒལ་ མི་འཐོན་དོ་ཡོདཔ་ཨིན་པས། ལྗིད་ཚད་འཐུ་ནིའི་ སློབ་སྟོན་པ་ བསོད་ནམས་དོན་གྲུབ་ཀྱིས་ སླབ་མིའི་ནང་ བཅའ་མར་གཏོགས་མི་ …

Leave a Reply

Your email address will not be published. Required fields are marked *