ཨོལ་ལྐོག་བཏོག་མིའི་ འཐོར་གཏམ་ཚུ་ བདེན་པ་མེད་རུང་ ཞིབ་དཔྱད་མཐིལ་ཕྱིན་རྐྱབ་དགོཔ།

༉ ད་རེས་ནངས་པར་ ཤར་ཕྱོགས་རྫོང་ཁག་ཚུ་ནང་ལས་ཕར་ མིའི་ཨོལ་ལྐོག་བཏོག་མི་ ཐོན་ཡོད་པའི་སྐོར་ འཐོར་གཏམ་དར་ཁྱབ་སོང་ཞིནམ་ལས་ཚུར་ མི་སེར་ཚུ་ལུ་ འཇིགས་སྣང་སྦོམ་བྱུང་པའི་ ནམ་དུས་ལུ་ ཁྲིམས་སྲུང་འགག་པ་གིས་འབད་བ་ཅིན་ རྫུན་གཏམ་ཨིནམ་ལས་ མི་ཚུ་ འདྲོག་འཇིགས་དང་ སྤྱགས་སྡུག་འཐབ་ནི་མི་འོང་ཟེར་ སླབ་ཨིན་མས།
ཁྲིམས་སྲུང་འགག་སྡེའི་ ཁ་ཐུག་ལས་ ཞིབ་དཔྱད་རྐྱབ་ད་ ཨོལ་ལྐོག་བཏོག་མི་ཚུ་ མིག་མཐོང་ལག་བཟུང་འབད་བའི་ སྒྲུབ་བྱེད་ག་ནི་ཡང་ མ་ཐོན་པའི་ཁར་ འཐོར་གཏམ་བཤད་མི་ཚུ་གིས་ཡང་ ར་ཁུངས་དང་སྦྲགས་ སླབ་ནི་མེདཔ་ལས་ མ་བདེན་པའི་ ཧམ་བཤད་ཨིན་མས་ཟེར་ མི་མང་ལུ་ གསལ་བསྒྲགས་འབདཝ་ཨིན་མས།
མ་གཞི་ ཨོལ་ལྐོག་བཏོག་མིའི་ འཐོར་གཏམ་དེ་ དང་པ་ར་ མོང་སྒར་རྫོང་ཁག་ བ་ལམ་རྒེད་འོག་ལས་ ཁྱབ་སྤེལ་སོང་ཡོད་རུང་ འཕྲལ་ཁམས་ཅིག་ཁར་ བཀྲིས་གཡང་རྩེ་ཁམས་དྭངས་རྒེད་འོག་ནང་ ཤར་ཕྱོགས་པའི་ ཁ་སྐད་ནང་ ཁེག་པ་ཟེར་སླབ་མི་ རྒྱ་གར་གྱི་མི་༢ དང་ འབྲུག་མི་༡ ལྷོད་ཡོད་པའི་སྐོར་ འཐོར་གཏམ་ཁྱབ་སྤེལ་འབད་མི་ ཚོགས་པ་དེ་ འཛིན་བཟུང་འབད་མི་དེ་ཡང་ དོན་མེད་ཀྱི་ ཧམ་བཤད་སླབ་ནི་དེ་གིས་ཨིན་མས།
ཚོགས་པ་དེ་ ཁྲིམས་སྲུང་འགག་པའི་ དོ་དམ་འོག་ལས་ གནས་སྐབས་ཅིག་ བར་ན་མི་བཙུགས་ཏེ་ བཏང་ཡོད་རུང་ ཞིབ་དཔྱད་འཕྲོ་མཐུད་དེ་ར་ འབད་བའི་བསྒང་ཡོདཔ་ལས་ འཐོར་གཏམ་དེ་ལུ་ བདེན་རྫུན་ག་དེ་སྦེ་ཡོདཔ་ཨིན་ན་ ད་ལྟོ་ སླབ་མི་ཚུགས་ནི་ཨིན་མས།
འདི་འབདཝ་ད་ ཨོལ་ལྐོག་བཏོག་མིའི་ འཐོར་གཏམ་འགོ་དང་པ་ དར་ཁྱབ་སོང་མི་ མོང་སྒར་བ་ལམ་རྒེད་འོག་ནང་ མི་སེར་ཚུ་ དེ་ ད་ལྟོའི་བར་ན་ཡང་ འཇིགས་སྣང་ཐོག་ལུ་ སྡོདཔ་མ་ཚད་ རྒེད་འོག་བདག་སྐྱོང་གིས་ ཨ་ལོ་དང་ མི་མང་གི་ ཉེན་སྲུང་ལུ་དམིགས་ཏེ་ ནུབ་མོའི་ཆུ་ཚོད་༩ ལས་ ཕར་ཚར་འགྱོ་ནི་མེདཔ་སྦེ་ བཀག་དམ་འབད་ནུག།
ཀུན་གསལ་གྱི་ གནས་ཚུལ་བསྡུ་བཀོདཔ་དེ་ རྒེད་འོག་ནང་སོང་སྟེ་ གནས་སྟངས་ཚུ་ལུ་ལྟཝ་ད་ ནོར་རྫིཔ་ཅིག་དང་ ཐབ་ཤིང་ཐུ་བར་འགྱོ་མི་ ཨ་རྒས་ཅིག་གིས་ མི་ངོ་མ་ཤེསཔ་ཚུ་ མཐོང་ཡོད་པའི་ཁར་ ཁོང་གིས་ རྟིང་བདའ་བའི་སྐོར་ ལོ་རྒྱུས་བཤད་མི་དེ་གིས་ མི་ཚུ་ལུ་ འཇིགས་སྣང་དང་ ཚ་གྱང་ག་དེམ་ཅིག་ ལང་སྟེ་ཡོདཔ་ཨིན་ན་ གསལ་སྟོན་འབདཝ་མས།
སྤྱི་ཟླ་༤ པའི་ཚེས་༡༡ གི་ ཕྱི་རུ་ཆུ་ཚོད་༥ དེ་ཅིག་ཁར་ ནོར་ཉོ་བར་ཨིན་ཟེར་ ཕོ་སྐྱེས་༣ རྒེད་འོག་དེ་གི་ ཁེབས་ཤིང་སྤྱི་འོག་ནང་ལྷོདཔ་ད་ རྒེད་འོག་བདག་སྐྱོང་འགོ་དཔོན་དང་ ཚོགས་པ་ དེ་ལས་ ས་གནས་ཀྱི་ མི་ཚུ་གིས་ འཛིན་བཟུང་འབད་དེ་ མོང་སྒར་གྱི་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་ཡོད་རུང་ བསམ་གྲུབ་ལྗོངས་མཁར་ལས་ཨིན་མི་ དོགས་ཅན་ཚུ་ལུ་ དྲི་ཞིབ་འབད་དེ་ ལོག་བཏང་ཡོདཔ་ཨིན་མས།
གོང་ལུ་ སླབ་དོ་བཟུམ་ དོན་མེད་ཀྱི་ འཐོར་གཏམ་བཤད་མི་དེ་གིས་ མི་མང་ལུ་ འཇིགས་སྣང་དང་ ཚ་གྱང་ལང་བཅུགཔ་ལས་ རྒྱལ་ཁབ་ཀྱི་ ཁྲིམས་དང་འཁྲིལ་ གདོང་ལེན་དམ་སྒྲིང་འབད་ནི་དེ་ ཁག་ཆེ་ནི་ཨིན་རུང་ ཁྲིམས་སྲུང་འགག་སྡེའི་ཧོངས་ལས་ འཐོར་གཏམ་ཁྱབ་སྤེལ་འབད་མི་ཚུ་རྐྱངམ་གཅིག་ ནན་ཞིབ་འབད་ནི་མེན་པར་ བ་ལམ་རྒེད་འོག་བཟུམ་ནང་ མི་ཚུ་གིས་ བྱུང་རྐྱེན་བཤད་མི་ཚུ་ཡང་ བདེན་ཁུངས་ག་དེ་སྦེ་ཡོདཔ་ཨིན་ན་ ཞིབ་དཔྱད་རྐྱབ་དགོཔ་དེ་ཡང་གལ་ཆེ།

About admin

Check Also

སྣུམ་འཁོར་ཤུགས་ཚད་དང་ལྡནམ་སྦེ་གཏང་དགོ་པའི་ཞུ་བ།

༉ ཤར་ཕྱོགས་དང་ ནུབ་ཕྱོགས་ཀྱི་བར་ན་ གཞུང་ལམ་རྒྱ་སྐྱེད་འབད་དོ་ཡོདཔ་ལས་ ཕར་ཚུར་རྒྱུན་འགྲུལ་འཐབ་མི་ཚུ་ལུ་ དུས་ཡུན་མར་ཕབ་འབད་ནི་དང་ སྣུམ་འཁོར་ཚུ་ཡང་ འཁོར་ལམ་ལེགས་ཤོམ་ནང་ འགྲོ་འགྲུལ་འབད་ནིའི་ གོ་སྐབས་ཡོདཔ་ལས་ ག་རང་ལུ་ ཁེ་ཕན་བྱུང་ཡོདཔ་ཨིན་རུང་ སྣུམ་འཁོར་ཤུགས་ཚད་དང་ལྡནམ་སྦེ་ མ་གཏང་པ་ཅིན་ ཐུག་རྐྱེན་འབྱ྄ང་ཉེན་སྦོམ་འདུག་ཟེར་ཞུ་ནི། …

Leave a Reply

Your email address will not be published. Required fields are marked *