ཨོལ་ལྐོག་བཏོག་མིའི་ འཐོར་གཏམ་ལུ་ དབྱེ་དཔྱད་འབད་དགོཔ།

༉ བདུན་ཕྲག་༣ དེ་ཅིག་གི་ཧེ་མར་ མོང་སྒར་བ་ལམ་རྒེད་འོག་ནང་ ཨོལ་ལྐོག་བཏོག་མི་ ཕོ་སྐྱེས་༢ དང་༣ འབད་མི་ སྡེ་ཚན་ཅིག་ ལྷོད་ཡོད་པའི་སྐོར་ འཐོར་གཏམ་ཁྱབ་སྤེལ་སོང་པའི་ཤུལ་ལུ་ ཕམ་སྤུན་ཆ་ཚུ་ འདྲོག་འཇིགས་དང་ ཚ་གྱང་ལང་སྟེ་ ཕྱི་སྡོད་སློབ་ཕྲུག་ཚུ་ དྲོ་པ་ཨ་རྟག་ར་ སློབ་གྲྭ་ནང་ ཁྱིད་བསྐྱལ་ནི་དང་ ཕྱི་རུ་སློབ་སྟོན་དུས་ཚོད་ཚངམ་ད་ སློབ་གྲྭ་ནང་ལས་ ལེན་པར་འགྱོ་ནི་ འགོ་བཙུགས་ནུག།
དེ་ཡང་ ཤར་ཕྱོགས་པའི་ཁ་སྐད་ ཚང་ལ་ཁ་ནང་ ཁེག་པ་ཟེར་སླབ་མི་ ཨོལ་ལྐོག་བཏོན་མི་ མི་ངན་ཚུ་གིས་ ཨ་ལོ་ཚུ་ བཙན་ཁྲིད་འབད་དེ་ ཁོང་གི་མཁལ་རྡོག་བཏོན་འབག་ནི་དང་ ཡང་ཅིན་ ཟམ་དང་ གློག་མེ་འཕྲུལ་ཁང་གི་ བཟོ་སྐྲུན་ས་ཁོངས་ཚུ་ནང་ བཙུགས་ནིའི་དོན་ལུ་ མགུ་ཏོ་བཏོག་འབག་ནི་ཨིན་པའི་ འཐོར་གཏམ་བཤད་མི་ལུ་བརྟེན་ཨིན་མས།
མ་གཞི་ བ་ལམ་གྱི་ གཡུས་ཚན་ཅིག་ནང་ སྒེར་འཁོར་བོ་ལེ་རོ་༡ བདའ་འོང་མི་ ཕོ་སྐྱེས་༢ ལུ་ ཁེག་པ་ཨིན་པའི་ དོགས་པ་ཆགས་མི་ལུ་བརྟེན་ ས་གནས་ཀྱི་ མི་ཚུ་གིས་ འཛིན་བཟུང་འབད་དེ་ འབྲེལ་ཡོད་དབང་འཛིན་ཚུ་ལུ་ སྙན་ཞུ་འབད་ཡོད་རུང་ ངོས་ལེན་དང་ མཉམ་འབྲེལ་ལེགས་ཤོམ་ཅིག་ མ་ཐོབ་ལས་ སྒེར་འཁོར་གྱི་ཨང་དང་ དོགས་པ་ཅན་ཅིག་གི་ འགྲུལ་འཕྲིན་ཨང་གྲངས་ ལེན་ཐོག་ལས་ དོགས་ཅན་ཚུ་ བཏང་ཡོད་པའི་ ལོ་རྒྱུས་འདུག།
དོགས་ཅན་སྡེ་ཚན་གྱིས་ གྲོང་གསེབ་མི་སེར་ཚུ་ལུ་ བ་གླང་ཉོ་བར་ཨིན་ཟེར་ སླབ་དོ་ཡོད་པའི་ འཐོར་གཏམ་ཡང་ བཤད་དོ་ཡོདཔ་ཨིན་རུང་ ད་རེས་ནངས་པར་ བཀྲིས་སྒང་དང་ བཀྲིས་གཡང་རྩེ་རྫོང་ཁག་༢ ནང་ཡང་ སྒེར་འཁོར་བོ་ལེ་རོ་ཅིག་ བདའ་འོང་སྟེ་ གྲོང་གཡུས་ཚུ་ནང་ལས་ཕར་ བཤལ་འཁྱམས་འབད་བའི་ ལོ་རྒྱུས་བཤད་མི་ལུ་ བལྟ་བ་ཅིན་ མི་ཚུ་ལུ་ ཨོལ་ལྐོག་བཏོག་མི་ ཁེག་པ་ཚུ་ཨིན་པའི་ ཡིད་ཆེས་བསྐྱེད་དགོ་པའི་ གཞི་ཁུངས་ཅིག་འདུག།
དཔེར་ན་ གནས་བྱཱར་གྱི་ དུས་ཚོད་འགོ་བཙུགསཔ་ད་ ཨ་རྟག་འབད་བ་ཅིན་ བཀྲིས་སྒང་ཁྲོམ་ཁར་ ཚོང་ཁང་ཚུ་ ཕྱི་རུ་ཕྱིས་སུ་ཅིག་ལས་བརྒལ་ སྒོ་བསྡམ་ནི་མེད་རུང་ ད་རེས་ནངས་པར་ ཁེག་པའི་འཐོར་གཏམ་ལུ་བརྟེན་ ཚོང་ཁང་མང་ཤོས་ར་ ཕྱི་རུའི་ཆུ་ཚོད་༧ ལས་ སྒོ་བསྡམ་དོ་ཡོདཔ་ཨིན་མས།
ས་གནས་ཀྱི་ མི་ཚུ་གིས་ སླབ་མི་དང་འཁྲིལཝ་ད་ སྤྱི་ཟླ་༤ པའི་ཚེས་༢༦ ལས་ཚུར་བཀྲིས་སྒང་ལུ་ གྱོན་ཆས་གནགཔོ་གྱོན་མི་ཕོ་སྐྱེས་༣ མི་གི་མགུ་ཏོ་འཚོལ་བར་ལྷོད་ཡོད་པའི་སྐོར་ མི་སྡེ་བརྡ་བརྒྱུད་ནང་ གསལ་བཀོད་འབད་མི་ལུ་བརྟེན་ བདེན་པ་ཡོད་རུང་མེད་རུང་ འདྲོག་བྱེལ་འཐབ་དགོཔ་ བྱུང་ཡི་ཟེར་ཨིན་མས།
དེ་བཟུམ་སྦེ་ བཀྲིས་གཡང་རྩེ་ ཁམས་དྭངས་རྒེད་འོག་ནང་ ཁེག་པ་ཐོན་ཡོད་པའི་ འཐོར་གཏམ་བཤད་པའི་ཤུལ་ལས་ ཁྲིམས་སྲུང་འགག་པ་གིས་ཞིབ་དཔྱད་རྐྱབ་ནི་འགོ་བཙུགས་ནུག།
ད་ཚུན་གྱི་བར་ན་ འཐོར་གཏམ་བཤད་མི་ཚུ་གིས་ ཁེག་པ་ཚུ་ སྒེར་འཁོར་བོ་ལེ་རོ་བདའ་སྟེ་འདུག་ཟེར་ སླབ་དོ་ཡོདཔ་ལས་ འབྲེལ་ཡོད་དབང་འཛིན་ དཔེར་ན་ ཁྲིམས་སྲུང་འགག་སྡེ་དང་ རྫོང་ཁག་བདག་སྐྱོང་ ལམ་འགྲུལ་ཉེན་སྲུང་དང་ སྐྱེལ་འདྲེན་དབང་འཛིན་ཚུ་གིས་ མི་མང་ལུ་ འཇིགས་སྣང་དང་ ཚ་གྱང་ལང་བཅུག་མི་དང་ བོ་ལེ་རོ་བཏང་མི་ ག་དང་ག་ཨིན་ན་ དབྱེ་དཔྱད་འབད་དགོཔ་ཡོད་པའི་ བརྡ་མཚོན་སྟོནམ་མས།
གལ་སྲིད་ དབང་འཛིན་ཚུ་ལས་ དོན་མེད་ཀྱི་ འཐོར་གཏམ་ཨིནམ་སྦེ་ ངོས་ལེན་མ་འབད་བར་ སྣང་མེད་བཞག་པ་ཅིན་ ཁེག་པའི་འཐོར་གཏམ་ཚུ་ ལྷག་པར་དུ་ རྫོང་ཁག་གཞན་ཚུ་ནང་ ཁྱབ་སྤེལ་འགྱོ་ཐོག་ལས་ མི་མང་ལུ་ དོན་མེད་ཀྱི་ སྤྱགས་སྡུག་འཐབ་བཅུག་སྟེ་ མཐའན་མཇུག་ལུ་ ང་བཅས་རའི་ རྒྱལ་ཁབ་ཀྱི་ ཉེན་སྲུང་དང་ སྲུང་སྐྱོབ་ལུ་ ཐོ་ཕོག་ནིའི་ ཉེན་ཁ་འདུག།
འདི་འབདཝ་ལས་ འབྲེལ་ཡོད་དབང་འཛིན་ཚུ་གིས་ མ་བདེན་པའི་ འཐོར་གཏམ་བཤད་མི་ཚུ་ ག་དང་ག་ར་ཨིན་ན་ ཞིབ་དཔྱད་རྐྱབ་སྟེ་ བདེན་ཁུངས་མེད་པའི་ ཧམ་བཤད་དང་ རྫུན་གཏམ་ འཐོར་གཏམ་ཨིན་པའི་ མངོན་གསལ་བྱུང་པ་ཅིན་ འདི་བཟུམ་མའི་ མི་ཚུ་ལུ་ ཁྲིམས་ཀྱི་དང་ལེན་ དམ་སྒྲིང་འབད་ཐོག་ལས་ མི་སེར་ཚུ་ལུ་ དོགས་སེལ་འབད་དགོཔ་དེ་ ག་ནི་བ་གལ་ཆེ།

About admin

Check Also

ཀེ་ལ་གཡུས་ཚན་གྱི་ དུར་ཁྲོད་ནང་ གཞི་རྟེན་མཐུན་རྐྱེན་ཚུ་མེད་པའི་དཀའ་ངལ།

༉ ཀྲོང་གསར་རྫོང་ཁག་ སྟངས་སི་སྦྱིས་རྒེད་འོག་ ཀེ་ལ་གཡུས་ཚན་གྱི་ དུར་ཁྲོད་ནང་ གཞི་རྟེན་མཐུན་རྐྱེན་ཚུ་ ཚངམ་སྦེ་མེདཔ་ལས་ མི་སེར་ཚུ ལཱ་ཁག་རྐྱབ་དོ་ཡོདཔ་ཨིན་པས། དུར་ཁྲོད་ནང་ འཐུང་ཆུ་དང་ གློག་མེ་ གསང་སྤྱོད་ དེ་ལས་ ཐབ་ཚང་ཚུ་མེདཔ་ལས་ …

Leave a Reply

Your email address will not be published. Required fields are marked *