ཨོམ་ཕྱིར་བཙོང་འཐབ་ནིའི་དོན་ལུ་ ས་མཚམས་ཞིབ་དཔྱད་སྒོ་ར་ཁར་ བསྐྱལ་བཞག་མི་ ཨོམ་གི་ཧོད་ཚུ།

ཨོམ་ཚོང་འབྲེལ་སྡེ་ཚན་ཚུ་གིས་ འཕྲོ་མཐུད་དེ་ར་ རྒྱ་གར་ལུ་ ཨོམ་ཕྱིར་བཙོང་འཐབ་དོ་ཡོདཔ།

བསམ་གྲུབ་ལྗོངས་མཁར་གྱི་ ཨོམ་ཚོང་འབྲེལ་སྡེ་ཚན་ཚུ་གིས་ ས་མཚམས་ཞིབ་དཔྱད་སྒོ་ར་ སྒོ་བསྡམས་ཡོད་པའི་ཁར་ འགྲོ་འགྲུལ་བཀག་དམ་འབད་ཡོད་རུང་ འཕྲོ་མཐུད་དེ་ར་ རྒྱ་གར་ལུ་ ཨོམ་ཕྱིར་བཙོང་འཐབ་དོ་ཡོདཔ་མས།

ཁ་ཙ་ སྡེ་ཚན་ཚུ་གིས་ ཨོམ་ལི་ཊར་༡,༤༤༠ དེ་ཅིག་ རྒྱ་གར་ལུ་ ཕྱིར་བཙོང་འཐབ་ཡོདཔ་ད་ ཨོམ་དེ་ རྫོང་ཁག་གི་ མི་སེར་ཚུ་གི་དོན་ལུ་ འོང་འབབ་ཀྱི་ འབྱུང་ཁུངས་ངོ་མ་ཅིག་ ཨིན་མི་ལུ་བརྟེན་ ཟླཝ་༡ དེ་ཅིག་གི་ཧེ་མར་ ཕྱིར་བཙོང་འཐབ་ནི་ ལོག་འགོ་བཙུགས་ཡོདཔ་ཨིན་པས།

ཨོམ་ཕྱིར་བཙོང་དེ་ དྲོ་པའི་ཆུ་ཚོད་༦ དེ་ཅིག་ལས་ འགོ་བཙུགས་དོ་ཡོདཔ་ད་ ཨོ་རོང་དང་ བདེ་བ་ཐང་ སྒོམ་དར་ འུ་གླིང་ཚུ་ལས་ ཨོམ་ཚོང་འབྲེལ་སྡེ་ཚན་ཚུ་གིས་ ཞིབ་དཔྱད་སྒོ་ར་ཁར་ གྲ་སྒྲིག་འབད་དོ་ཡོདཔ་བཞིན་དུ་ ཕྱིར་བཙོང་སྐབས་ ཀོ་བིཌ་-༡༩ སྔོན་འགོག་གི་ སྒྲིག་གཞི་ཚུ་ དམ་དམ་སྦེ་ ལག་ལེན་འཐབ་ཨིན་མས།

རྒྱ་གར་ལས་ ཨོམ་ལེན་མི་ཚུ་གིས་ ཨོམ་གྱི་ཧོད་སྟོངམ་ཚུ་ ཞིབ་དཔྱད་སྒོ་ར་ལས་ མི་ཊར་༡ དེ་ཅིག་གི་ས་ཁར་ བཞག་པའི་ཤུལ་ལུ་ ཁོང་ཆ་ཁྱབ་ མི་ཊར་༥ དང་༡༠ དེ་ཅིག་གི་ས་ཁར་ སྡོད་དོ་ཡོདཔ་ད་ སྒོ་ནོར་མཐུན་འབྲེལ་ཚོང་ཁང་གི་ ལས་བྱེདཔ་ཚུ་གིས་ ཧོད་ཚུ་ལུ་ ལགཔ་མ་འདོགས་པར་ ཨོམ་སྤོ་བཤུད་འབད་ཚར་བའི་ཤུལ་ལས་ ལགཔ་འཁྱུཝ་ཨིན་མས།

ཨོ་རོང་ལས་ ནོར་བུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ མར་དང་དར་ཚིལ་ཚུ་ བཙོང་མ་ཚུགས་པའི་ གདོང་ལེན་བྱུང་དོ་ཡོདཔ་ལས་ ཨོམ་ཚོང་འབྲེལ་འཐབ་མི་དེ་གིས་ འོང་འབབ་ལེགས་ཤོམ་ བཟོ་ཚུགས་མི་ལུ་བརྟེན་ འགྲོ་འགྲུལ་བཀག་དམ་གྱི་སྐབས་ལུ་ཡང་ ཕྱིར་བཙོང་འཐབ་ཆོགཔ་སྦེ་ བཟོ་མི་དེ་གིས་ སེམས་དགའ་ཡི་ཟེར་ཨིན་པས།

བདེ་བ་ཐང་རྒེད་འོག་ལས་ དཀོན་མཆོག་དབང་དྲག་གིས་ སླབ་མིའི་ནང་ འབྲུག་མི་ཚུ་གིས་ཡང་ ཨོམ་ཉོ་དོ་ཡོད་རུང་ ཐོན་སྐྱེད་ལེ་ཤ་ཡོད་པའི་སྐབས་ ཚོང་འབྲེལ་འཐབ་མ་ཚུགས་པའི་ དཀའ་ངལ་ཡོདཔ་ལས་ ཕྱིར་ཚོང་འཐབ་མི་དེ་ དྲག་པས་ཟེར་ཨིནམ་ད་ མར་དང་ དར་ཚིལ་བཟོ་མི་བ་ ཨོམ་ལི་ཊར་༥ དེ་ཅིག་ བཙོང་པ་ཅིན་ ཁེ་སང་དངུལ་ཀྲམ་༢༠༠ དང་༣༠༠ དེ་ཅིག་ འཐོབ་ཚུགས་ཟེར་ཨིན་པས།

སྒོ་ནོར་གཙོ་འཛིན་འགོ་དཔོན་ བི་ཨེན་ཤར་མ་གིས་ སླབ་མིའི་ནང་ ནང་འཁོད་ལུ་ རང་ལྡང་བཟོ་ནིའི་ དམིགས་ཡུལ་ཨིནམ་ལས་ སྡེ་ཚན་ཚུ་གིས་ ཨོམ་ཚུ་ ཁྲོམ་སྡེའི་ནང་ སྡོད་མི་དང་ སྒོ་ནོར་མཐུན་འབྲེལ་ཚོང་ཁང་ཚུ་ལུ་ བཙོང་པའི་ཤུལ་ལུ་ ལྷག་ལུས་ཚུ་ ཕྱིར་བཙོང་འཐབ་དོ་ཟེར་ཨིནམ་ད་ ཨོམ་ཚུ་མགྱོགས་པར་ མེདཔ་ཐལ་དོ་ཡོདཔ་ལས་ སྐྱེལ་འདྲེན་འབད་ནིའི་ནང་ དཀའ་ངལ་ཡོདཔ་ལས་ རྫོང་ཁག་གཞན་ཚུ་ནང་ བཀྲམ་སྤེལ་འབད་མ་ཚུགས་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནང་ རྒྱ་གར་གྱི་ ཨོམ་ལེན་མི་ཚུ་གིས་ བདུན་ཕྲག་༡ ནང་ ཏི་རུ་ཚར་༢ དེ་ཅིག་ བསྐྱལ་དོ་ཡོདཔ་བཞིན་དུ་ ཏི་རུ་ཚུ་ ཁྱིམ་ནང་མ་འབག་པའི་ཧེ་མར་ མཐུན་འབྲེལ་དང་ སྡེ་ཚན་གྱི་འཐུས་མི་ཚུ་ ངོ་འཛོམས་ཐོག་ལས་ ཞིབ་དཔྱད་སྒོ་རའི་ ཟུར་བཞག་གི་སྒྲོམ་ནང་བཙུགས་ཏེ་ དུས་ཡུན་ཆུ་ཚོད་༧༢ ཀྱི་རིང་ ཟུར་བཞག་འབད་དོ་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ མར་དང་དར་ཚིལ་ཚུ་ བཟོ་ནིའི་དོན་ལུ་ མཐུན་འབྲེལ་ཚོང་ཁང་ཚུ་ནང་ ཨོམ་ལི་ཊར་༥༠༠དེ་ཅིག་ བཞག་དོ་ཡོདཔ་ལས་ ཨོམ་ལངམ་སྦེ་ཡོད་རུང་ མི་ཚུ་གིས་ ཉོགས་བཤད་བཀོད་མི་དེ་ ཁྲོམ་ཁར་ཨོམ་ཚོང་ཁང་༢ ཀྱི་ ཨོམ་བཙོང་ནིའི་ དུས་ཚོད་མ་ཤེས་མི་ལུ་བརྟེན་ འོང་ནི་མས་ཟེར་ཨིན་པས།

ཨོམ་ཚོང་ཁང་༢ ཀྱིས་ དྲོ་པའི་ཆུ་ཚོད་༦ ལས་༡༠ ཚུན་ ཨོམ་བཙོང་དོ་ཡོདཔ་བཞིན་དུ་ སྒོ་ནོར་མཐུན་འབྲེལ་ཚོང་ཁང་ཚུ་ནང་ མར་དང་དར་ཚིལ་ཚུ་ཡང་ བཙོང་དོ་ཡོདཔ་ལས་ ཉིནམ་༡ སྒོ་ཕྱེས་བཞག་དོ་ཟེར་ཨིནམ་ད་ དགོས་མཁོ་དང་འཁྲིལ་ སྒོ་ནོར་གྱི་ཐོན་སྐྱེད་ཚུ་ སློབ་གྲྭ་ཚུ་ནང་ཡང་ བཀྲམ་སྤེལ་འབད་དོ་ཟེར་ བི་ཨེན་ཤར་མ་གིས་ བཤདཔ་ཨིན་པའི་གནས་ཚུལ།

སྐལ་བཟང་དབང་ཕྱུག། བསམ་གྲུབ་ལྗོངས་མཁར།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *