ཨོམ་བཟོ་སྦྱོར་ཁང་།

ཨོམ་ཕྱིར་བཙོང་འཐབ་མ་ཚུགས་མི་ལུ་བརྟེན་ ཚོང་འབྲེལ་ལུ་ ཐོ་ཕོག་ཡོདཔ།

༉ རྒྱལ་ཁབ་ནང་ ནད་ཡམས་ཀོ་བིཌ་-༡༩ ལུ་བརྟེན་ ས་མཚམས་ཞིབ་དཔྱད་སྒོ་ར་ཚུ་ སྒོ་བསྡམས་པའི་ཤུལ་ལུ་ བསམ་གྲུབ་ལྗོངས་མཁར་ གླང་ཅན་ཕུག་རྒེད་འོག་གི་ ཨོམ་ཚོང་འབྲེལ་སྡེ་ཚན་གྱིས་ ཨོམ་ཕྱིར་ཚོང་འཐབ་མ་ཚུགསཔ་ལས་ ཚོང་འབྲེལ་ལུ་ ཐོ་ཕོག་ཡོདཔ་ཨིན་པས།

སྡེ་ཚན་གྱིས་ ཧེ་མ་འབད་བ་ཅིན་ ཨོམ་མང་ཤོས་ར་ རྒྱ་གར་གྱི་མངའ་སྡེ་ ཨ་སམ་གྱི་ ཉེ་འདབས་ཁྲོམ་ ཏི་ན་ལི་ལ་སོགས་པ་ཚུ་ནང་ ཕྱིར་བཙོང་འཐབ་དོ་ཡོད་རུང་ ས་མཚམས་ཞིབ་དཔྱད་སྒོ་ར་ཚུ་ སྒོ་བསྡམས་པའི་ཤུལ་ལུ་ ཕྱིར་བཙོང་འཐབ་མ་ཚུགས་མི་ལུ་བརྟེན་ བཤོལ་བཞག་དགོཔ་བྱུང་ནུག།

ཨིན་རུང་ སྡེ་ཚན་གྱིས་ འཕྲལ་ཁམས་ཅིག་ཁར་ སྒོ་ནོར་ཐོན་སྐྱེད་ མར་དང་དར་ཚིལ་ དེ་ལས་ ཞོ་ལ་སོགས་པ་ཚུ་ བཟོ་ཞིནམ་ལས་ ཚོང་འབྲེལ་འཐབ་ནི་ འགོ་བཙུགས་ཡོདཔ་བཞིན་དུ་ སྡེ་ཚན་གྱིས་ ཚོང་འབྲེལ་དེ་ གྲུབ་འབྲས་ཅན་སྦེ་ འགྱོ་ཚུགས་པའི་ རེ་བ་བསྐྱེད་དོ་ཡོདཔ་ཨིན་པས།

སྡེ་ཚན་གྱི་འཐུས་མི་ ཊི་ལ་ཅཱན་པའུ་ཌེལ་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ ནད་ཡམས་མ་འཐོན་པའི་ཧེ་མར་ སྡེ་ཚན་གྱིས་ ཨོམ་ཕྱིར་བཙོང་འཐབ་ཐོག་ འོང་འབབ་དུམ་གྲ་རེ་ བཟོ་ཡོད་རུང་ ནད་ཡམས་ལུ་བརྟེན་ ཕྱིར་བཙོང་འཐབ་མ་ཚུགསཔ་ལས་ བཤོལ་བཞག་དགོཔ་ ཐོན་ཡི་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནང་ ད་རེས་ མར་དང་དར་ཚིལ་ དེ་ལས་ ཞོ་གི་རིགས་ཚུ་བཟོ་ནི་ འགོ་བཙུགས་ཡོད་རུང་ ཨོམ་མ་ལང་པའི་ དཀའ་ངལ་ཡོདཔ་ད་ ཧེ་མ་ ཉིནམ་༡ ལུ་ ཨོམ་ལི་ཊར་༢༠༠ ལྷགཔ་ཅིག་ ཐོན་སྐྱེད་འབད་དོ་ཡོད་རུང་ ད་རེས་ ཨོམ་ལི་ཊར་༥༠ དང་༡༠༠ དེ་ཅིག་ལས་ མིན་འདུག་ཟེར་ཨིན་པས།

དེ་ལས་ མར་དང་དར་ཚིལ་ཚུ་ འབྲུག་མི་ཚུ་གིས་ ཉོ་འབག་དོ་ཡོད་རུང་ ཞོ་དེ་ཚུ་ བཙོང་མ་ཚུགས་པའི་ དཀའ་ངལ་ཡོདཔ་ལས་ སྤྱིར་སྙོམས་ལུ་ ཉིནམ་༡ ནང་ འོང་འབབ་དངུལ་ཀྲམ་༢,༠༠༠ དེ་ཅིག་ལས་ བཟོ་མི་ཚུགས་དོ་ཡོདཔ་ལས་ འབྲེལ་ཡོད་དབང་འཛིན་ཚུ་གིས་ ཕྱིར་བཙོང་འཐབ་བཅུག་པ་ཅིན་ ཕན་ཐོགས་འབྱུང་ནི་མས་ཟེར་ ཊི་ལ་ཅཱན་པའུ་ཌེལ་གྱིས་ བཤདཔ་ཨིན་པས།

སྐྱེས་ལོ་༣༠ ལང་མི་ ཧ་རི་མ་ཡ་ བྷ་ཊ་རའི་གིས་ སླབ་མིའི་ནང་ རྫོང་ཁག་སྒོ་ནོར་འགོ་དཔོན་ཚུ་གིས་ ཉིནམ་༢ དེ་ཅིག་ སྒོ་ནོར་ཐོན་སྐྱེད་བཟོ་ཐངས་ཀྱི་ སྦྱོང་བརྡར་བྱིན་པའི་ཤུལ་ལུ་ དུས་ཅི་ སྤྱི་ཟླ་༢ པའི་ཚེས་༤ ལུ་ སྡེ་ཚན་གྱིས་ ཞོ་ལ་སོགས་པའི་ སྒོ་ནོར་ཐོན་སྐྱེད་བཟོ་ནི་ཚུ་ འགོ་བཙུགས་ཡི་ཟེར་ཨིན་པས།

མོ་གིས་ སླབ་མིའི་ནང་ ད་རེས་ ཞོ་དེ་ཚུ་ དེ་ཅིག་ཚོང་འབྲེལ་འཐབ་མ་ཚུགས་མི་དེ་ སྡེ་ཚན་གྱིས་ འགོ་དང་པ་ བཟོ་དོ་ཡོད་མི་ལུ་བརྟེན་ཨིན་རུང་ མ་འོངས་པར་ ལེགས་ཤོམ་འགྱོ་ནིའི་ རེ་བ་བསྐྱེད་དོ་ཟེར་ཨིནམ་ད་ སྡེ་ཚན་གྱིས་ ཞོ་རེ་ལུ་ དངུལ་ཀྲམ་༡༥ དང་ མར་ཀེ་ཇི་རེ་ལུ་ དངུལ་ཀྲམ་༥༠༠ དེ་ལས་ དར་ཚུལ་ཀེ་ཇི་རེ་ལུ་ དངུལ་ཀྲམ་༣༠༠ རེ་སྦེ་ བཙོང་དོ་ཡོདཔ་ཨིན་པས།

གླང་ཅན་ཕུག་རྒེད་འོག་གི་ སྒོ་ནོར་རྒྱ་སྐྱེད་འགོ་དཔོན་ ཆོས་སྐྱིད་རྡོ་རྗེ་གིས་ སླབ་མིའི་ནང་ ལྟོ་ཐོབ་སློབ་གྲྭ་ཚུ་དང་གཅིག་ཁར་ འབྲེལ་བ་འཐབ་སྟེ་ ཞོ་དེ་ཚུ་ བཀྲམ་སྤེལ་འབད་ནིའི་ འཆར་གཞི་ཡོདཔ་བཞིན་དུ་ ནང་འཁོད་ཀྱི་ ཁྲོམ་ཚུ་ནང་ཡང་ ཚོང་ལམ་གོང་འཕེལ་གཏང་ནིའི་ འཆར་གཞི་ཡང་ ཡོད་ཟེར་ཨིན་པས།

ཁོ་གིས་ ཞོའི་རིགས་ཚུ་ རྒྱ་གར་ལས་ མཁོ་འདོད་བཀོད་མི་ ལེ་ཤ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་བཟུམ་སྦེ་ ཀོ་བིཌ་-༡༩ འི་ ཁྱད་ལྡན་ལག་ལེན་བྱ་སྒོ་ཚུ་དང་འཁྲིལ་ ཨོམ་དང་ཞོ་དེ་ཚུ་ རྒྱ་གར་ལུ་ ཕྱིར་བཙོང་འཐབ་ནིའི་དོན་ལུ་ གྲ་སྒྲིག་ཡོདཔ་ལས་ ཕན་ཐོགས་འབྱུང་ཚུགས་པའི་ རེ་བ་བསྐྱེད་དོ་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

སྐལ་བཟང་དབང་ཕྱུག། ཇོ་མོ་གཙང་ཁ།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *