ཨོམ་དང་མངལ་སྒོའི་ཀེན་སར་ བཀག་ཐབས་འབད་ནིའི་དོན་ལུ་ ལས་འགུལ་ཅིག་ འགོ་བཙུགས་ནི།

འབྲུག་ཀེན་སར་གཞི་ཚོགས་ཀྱིས་ སྤྱི་ཟླ་༡༡ པའི་ཚེས་༡༧ ལས་ མཐའ་ཟུར་གཡུས་ཚན་ནང་སྡོད་མི་ ཨམ་སྲུ་དང་ བུམོ་ཚུ་གི་ ཨོམ་དང་མངལ་སྒོའི་ཀེན་སར་ བཀག་ཐབས་འབད་ནིའི་དོན་ལུ་ ལས་འགུལ་ཅིག་ འགོ་བཙུགས་ནི་ཨིན་པས།

འབྲུག་ཀེན་ཧར་གཞི་ཚོགས་ཀྱིས་ མཐའ་ཟུར་ཤེས་ཡོན་དང་གོང་འཕེལ་ གསོ་བའི་ལྷན་ཁག་ དེ་ལས་ འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་དང་གཅིག་ཁར་ མཉམ་འབྲེལ་ཐོག་ལས་ རྫོང་ཁག་༦ གི་ མཐའ་ཟུར་གཡུས་ཚན་ཚུ་ནང་ ནད་གཞི་ཀེན་སར་བཀག་ཐབས་ཀྱི་ ལས་རིམ་ཅིག་ འགོ་བཙུགས་ནི་ཨིན་པས།

རྒྱལ་ཁབ་ནང་ ནད་གཞི་ཀེན་སར་མ་འདྲཝ་ ལེ་ཤ་ཡོད་མིའི་ནང་ལས་ མངལ་སྒོའི་ཀེན་སར་དེ་ མཐོ་ཤོས་ཅིག་ཨིནམ་ད་ བརྒྱ་ཆ་ལས་བཅད་པ་ཅིན་༣༩ ཨིན་པས།

འབྲུག་ཀེན་སར་གཞི་ཚོགས་དེ་ མི་མང་ལུ་ ཕན་ཐོགས་ཆེ་བའི་ ལས་སྡེ་ཅིག་ཨིནམ་ད་ ལས་སྡེ་དེ་ ཞི་བའི་མི་སྡེ་ལས་ཚོགས་ཀྱི་འོག་ལུ་ ཐོ་བཀོད་འབད་དེ་ཡོདཔ་ཨིན་པས།

ཞི་བའི་མི་སྡེ་ལས་ཚོགས་ཀྱིས་ མཐར་ཟུར་ཤེས་ཡོན་དང་གོང་འཕེལ་གཅིག་ཁར་ གོ་བ་བརྡ་སྤྲོད་ཀྱི་ ལས་རིམ་ཅིག་ ཧཱ་ལུ་ འགོ་བཙུགས་ཡོདཔ་ཨིན་པས།

འབྲུག་ཀེན་སར་གཞི་ཚོགས་ཀྱི་ བཀོད་ཁྱབ་མདོ་ཆེན་ བདེ་ཆེན་དབང་མོ་གིས་ བཤད་མི་དང་འཁྲིལཝ་ད་ མི་མང་ལུ་ ནད་གཞི་ཀེན་སར་སྐོར་ལས་ གོ་བ་བརྡ་སྤྲོད་འབད་མི་ལུ་བརྟེན་ ནད་གཞི་དེ་གི་སྐོར་ལས་ ཧ་གོ་ཚུགས་པ་གིས་མ་ཚད་ ས་གོ་ནང་ བུ་ཚང་བརྟག་དཔྱད་ལས་རིམ་ པེཔ་སི་མི་ཡར་རྐྱབ་ནི་གི་ མཐུན་རྐྱེན་ཚུ་ཡང་ གཞི་བཙུགས་འབད་ཡོདཔ་ལས་ དེ་ནང་ བརྟག་དཔྱད་འབད་བར་ འོང་མིའི་གྱངས་ཁ་ཡང་ མང་སུ་འདུག་ཟེར་ཨིན་པས།

ལས་རིམ་འགོ་བཙུགས་ནི་ཨིན་མི་ རྫོང་ཁག་ཚུ་ཡང་ སྤུ་ན་ཁ་དང་ བུམ་ཐང་ གསར་སྤང་ གཞལམ་སྒང་ པདྨ་དགའ་ཚལ་ དེ་ལས་ བཀྲིས་སྒང་ཨིནམ་ད་ རྫོང་ཁག་དེ་ཚུ་ གདམ་འཐུ་འབད་དགོ་མི་དེ་ཡང་ མཐའ་ཟུར་ཤེས་ཡོན་དང་གོང་འཕེལ་ལྟེ་བ་ཚུ་ ས་གནས་དེ་ཚུའི་ནང་ ཡོད་ནི་དེ་གིས་ཨིན་པས།

དེ་མ་ཚད་ གདམ་འཐུ་འབད་དེ་ཡོད་མི་ རྫོང་ཁག་ཚུ་ནང་ མི་སྡེ་དཔལ་འབྱོར་གྱི་ གདོང་ལེན་ཚུ་ཡོདཔ་སྦེ་ བདེ་ཆེན་དབང་མོ་གིས་ བཤདཔ་ཨིན་པས།

ད་རུང་ མཐའ་ཟུར་ཤེས་ཡོན་དང་གོང་འཕེལ་ལྟེ་བ་ གཞི་བཙུགས་འབད་དེ་ཡོད་མི་ཚུ་ནང་ ཁོང་གིས་ མི་སེར་ཚུ་དང་ འབྲེལ་བ་ལེགས་ཤོམ་ཡོདཔ་མ་ཚད་ ཁོང་གི་དཔེ་མཛོད་ཁང་དང་ མི་སྡེ་འཕྲོད་བསྟེན་གྱི་དོན་ལུ་ ཨམ་སྲུ་ཚུ་གིས་ ཁོང་རའི་ ཨ་ལོ་ཚུ་ ཁྱིད་དེ་ འོང་དོ་ཡོདཔ་ལས་ འབྲུག་ཀེན་སར་གཞི་ཚོགས་ཟེར་བའི་ ལས་སྡེ་ཆུང་ཀུ་ཅིག་གིས་ མི་སེར་དང་འབྲེལ་བ་འཐབ་ནི་དེ་ ཁོང་ལས་བརྒྱུད་དེ་འབད་བ་ཅིན་ དྲག་ནི་མས་ཟེར་ མནོ་སྟེ་ཨིན་ཟེར་ཨིན་པས།

འབྲུག་ཀེན་སར་གཞི་ཚོགས་ཀྱིས་ དེ་བཟུམ་མའི་ ལས་རིམ་ལུ་ གཙོ་བོར་བཏོན་དགོ་མི་དེ་ཡང་ ཀེན་སར་ནད་གཞི་ཚུ་ ཧེ་མ་ལས་ བདའ་ཟུན་ནི་དང་ བཀག་ཐབས་ཚུ་འབད་དེ་ གྲུབ་འབྲལ་ལེགས་ཤོམ་བཏོན་ཐབས་ལུ་ ཨིན་ཟེར་ཨིན་པས།

དེ་བཟུམ་སྦེ་ ཨོམ་གྱི་ཀེན་སར་ཐོབ་མི་ཚུ་ཡང་ འཕྲོད་བསྟེན་གྱི་ ཞབས་ཏོག་ལེན་ནི་ལུ་ དཀའ་ངལ་བྱུང་མི་དེ་ཡང་ མཐའ་ཟུར་གྱི་ ཨམ་སྲུ་ཚུ་གིས་ སྨན་ཁང་དང་ གཞི་རྟེན་སྨན་ཁང་ཚུ་ནང་ ཞབས་ཏོག་བྱིན་མི་ སྨན་གཡོགམོ་དེ་ ཨམ་སྲུ་མེན་པ་ཅིན་ བརྟག་དཔྱད་འབད་བར་ འགྱོ་མི་བཏུབ་དོ་ཡོདཔ་ཨིན་པས།

དེ་འབདཝ་ལས་ མི་སེར་ཚུ་གི་ སྟབས་བདེ་ཧིང་དང་འཁྲིལ་ཏེ་ དེབཟུམ་མའི་ལས་རིམ་ འགོ་བཙུགས་ཡོདཔ་ད་ ཧེ་མ་ ཧཱ་ལུ་འབད་བ་ཅིན་ ས་གནས་གཞན་ཚུ་ནང་ཡང་ ནད་གཞི་ཀེན་སར་གྱི་སྐོར་ལས་ གོ་བ་བརྡ་སྤྲོད་འབད་ཞིནམ་ལས་ ཁོང་དང་གཅིག་ཁར་འོང་མི་ ཌོག་ཊར་དང་ སྨན་གཡོགམོ་ཚུ་གིས་ བུ་ཚང་བརྟག་དཔྱད་འབད་ནི་ཚུ་ ཐད་ཀར་དུ་ ས་གོ་ནང་ར་ འབད་ཚུགས་དོ་ཡོདཔ་ལས་ མི་སེར་ཡོངས་ལུ་ ཕན་ཐོགས་ཚུགས་པས་ཟེར་ བཀོད་ཁྱབ་མདོ་ཆེན་གྱིས་ བཤདཔ་ཨིན་པས།

ཀེན་སར་གྱི་ནད་གཞི་ཚུ་ ཧེ་མ་ལས་ བདའ་ཟུན་ཚུགས་པ་ཅིན་ སྨན་བཅོས་འབད་དེ་ དྲག་མི་ལེ་ཤ་ཅིག་ཡོདཔ་ལས་ ད་ལྟོ་ཚུན་ཚོད་ རྒྱལ་ཁབ་ནང་ ཀེན་སར་ལུ་བརྟེན་ ཤི་རྐྱེན་བྱུང་མི་ཚུ་ཡང་ མང་ཤོས་ར་ ནད་གཞི་ཐོབ་སྟེ་ ཡུན་རིངམོ་སོང་ནི་དེ་གིས་ཨིན་པས།

དེ་འབདཝ་ལས་ འབྲུག་ཀེན་སར་གཞི་ཚོགས་ཀྱིས་ གོ་བ་བརྡ་སྤྲོད་དང་ བརྟག་དཔྱད་ཀྱི་ ལས་རིམ་འགོ་བཙུགས་དགོ་མི་དེ་ར་ ནད་གཞི་དེ་ ཧེ་མ་ལས་བདའ་ཟུན་ཏེ་ སྨན་བཅོས་འབད་ཚུགས་པའི་ དམིགས་ཡུལ་ཨིན་ཟེར་ཨིན་པས།

སྔ་གོང་ལས་ ནད་གཞི་ཀེན་སར་ བདའ་ཟུན་ཚུགས་ནིའི་དོན་ལུ་ འབྲུག་ཀེན་སར་གཞི་ཚོགས་དང་ གསོ་བའི་ལྷན་ དེ་ལས་ འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གིས་ མཉམ་འབྲེལ་ཐོག་ལས་ འགོ་འདྲེན་འཐབ་མི་ གོ་བ་བརྡ་སྤྲོད་ཀྱི་  ལས་རིམ་དེ་ཨིནམ་ལས་ ཁོང་གི་ཁ་ཐུག་ལས་ མི་སེར་ཚུ་ལུ་ གོ་བ་བརྡ་སྤྲོད་དང་ ཞབས་ཏོག་ཚུ་ ག་དེ་དྲག་དྲག་ སྟབས་བདེ་ཏོག་ཏོ་བཟོ་ནི་ལུ་ གཙོ་བོར་བཏོནམ་ཨིན་ཟེར་ཨིན་པས།

ཁོང་གིས་ ལས་རིམ་འགོ་འདྲེན་འཐབ་པའི་སྐབས་ མི་སེར་ཚུ་གིས་ ཞབས་ཏོག་ཚུ་ ལེགས་ཤོམ་སྦེ་ སྤྱོད་མ་བཏུབ་པ་ཅིན འབད་ཐབས་གཞན་མེད་ཟེར་ འབྲུག་ཀེན་སར་གཞི་ཚོགས་ཀྱི་ བཀོད་ཁྱབ་མདོ་ཆེན་ བདེ་ཆེན་དབང་མོ་གིས་ བཤདཔ་ཨིན་པས།

ད་ལྟོ་ཚུན་ ཨམ་སྲུ་ཚུ་གིས་ མངལ་སྒོའི་ཀེན་སར་བརྟག་དཔྱད་ པེབ་སི་མི་ཡར་ མ་རྐྱབ་པར་སྡོད་མི་དེ་ཡང་ སྨན་ཁང་ལ་ལོ་ཅིག་ནང་ བརྟག་དཔྱད་འབད་མི་དེ་ ཕོ་སྐྱེས་འབད་ནི་དེ་གིས་ ངོ་ཚ་སྟེ་ བརྟག་དཔྱད་མི་འབད་དོ་ཡོདཔ་ད་ ལ་ལོ་ཅིག་གིས་ ཀེན་སར་ཡོདཔ་བདའ་ཟུན་དོ་འོང་ཟེར་བའི་ འདྲོག་བྱེལ་འཐབ་དོ་ཡོདཔ་ཨིན་པས།

འབྲུག་ཀེན་སར་གཞི་ཚོགས་ཀྱི་ མཉམ་འབྲེལ་ལས་འགུལ་དེ་གིས་ དེ་བཟུམ་མའི་ དཀའ་ངལ་ཚུ་ སེལ་ཚུགས་ནིའི་དོན་ལུ་ སྤྱི་ཟླ་༡༡ པ་ལས་ འགོ་བཙུགས་ཏེ་ སང་ཕོད་སྤྱི་ཟླ་དང་པ་ཚུན་ གོ་བརྡའི་ལས་རིམ་ཚུ་ འགོ་འདྲེན་འཐབ་ནི་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

About admin

Check Also

གསར་སྤང་ཊཱར་ལུ་ ལོ་༢ དེ་ཅིག་གི་རྒྱབ་ལས་ ཁྱིམ་ཚུ་ བཟོ་སྐྲུན་འབད་ཆོག་ནི།

༉ ཁ་ཙ་ རྒྱལ་ཡོངས་ཚོགས་འདུའི་དྲི་བཀོད་ལས་རིམ་ འགོ་འདྲེན་འཐབ་པའི་སྐབས་ ཞབས་ཏོག་བློན་པོ་ རྡོ་རྗེ་ཚེ་རིང་གིས་ ད་རེས་ འགོ་འདྲེན་འཐབ་པའི་བསྒང་ཡོད་མི་ གསར་སྤང་ཊཱར་གྱི་ ས་གནས་གོང་འཕེལ་ས་ཁོངས་ནང་ ལོ་༢ དེ་ཅིག་གི་རྒྱབ་ལས་ ཁྱིམ་ཚུ་ བཟོ་སྐྲུན་འབད་ཚུགས་ཟེར་ཨིན་པས། ད་རེས་ …

Leave a Reply

Your email address will not be published. Required fields are marked *