ཨོ་ལ་རོང་ཆུའི་ སྣུམ་འཁོར་བཅོ་ཁང་ཚུ་ སྤོ་བཤུད་འབད་ནིའི་ ཐབས་ལམ་༢ བལྟ་དོ་ཡོདཔ།

༉ ཐིམ་ཕུག་ཨ་ལོ་རོང་ཆུ་ལུ་ཡོད་མི་ སྣུམ་འཁོར་བཅོ་ཁང་ཚུ་ ས་གནས་སྤམ་མཚོ་དང་ རྣམ་སྲས་གླིང་ ཡང་ཅིན་ དེ་ལས་བརྒལ་ཏེ་ སྤོ་བཤུད་འབད་ནིའི་དོན་ལུ་ གཞུང་གིས་ ས་ཁོངས་འཚོལ་ཞིབ་འབད་བའི་བསྒང་ཡོད་ཟེར་ ཞབས་ཏོག་བློན་པོ་ རྡོ་རྗེ་ཚེ་རིང་གིས་ བཤདཔ་ཨིན་པས།
དེ་ཡང་ སྤྱི་ཟླ་༧ པའི་ཚེས་༢༦ ལུ་ ཟླ་རིམ་གྱི་ གནས་ཚུལ་ཞལ་འཛོམས་ནང་ ཞབས་ཏོག་བློན་པོ་གིས་ བཤད་མི་དང་འཁྲིལཝ་ད་ ད་ལྟོ་ཡོད་མི་ སྣུམ་འཁོར་བཅོ་ཁང་གི་ ཇོ་བདག་དང་ སྒྲིང་ཁྱིམ་གྱི་ ཇོ་བདག་ཚུ་གི་བར་ན་ ཁང་གླ་དང་འབྲེལ་བའི་ བྱ་སྟབས་མ་བདེཝ་ དུམ་གྲ་ཅིག་ཐོན་མི་དེ་ སེལ་ཐབས་ཐོག་ལས་ རྩ་ཕན་གཉིས་ཆ་ར་ལུ་ ཆ་རོགས་འབད་ནི་དང་ སྟབས་བདེཝ་བཟོ་ཐབས་ལུ་དམིགས་ཏེ་ ཞབས་ཏོག་ལྷན་ཁག་གིས་ དབུས་མའི་ལམ་ལུ་ གཞི་བཞག་ཐོག་ལས་ འཆར་གཞི་ཡང་ བརྩམས་ཏེ་ཡོད་ཟེར་ཨིན་པས།
ཨིན་རུང་ ཐིམ་ཕུག་ཁྲོམ་སྡེའི་ནང་ ས་ཆ་རྫོགས་ཡོདཔ་ལས་ ཐབས་ལམ་ཟེར་རུང་ ཧེ་མར་ སྣུམ་འཁོར་བཅོ་ཁང་ཚུ་ གཞི་བཙུགས་འབད་ནིའི་དོན་ལུ་ ས་གནས་སྤམ་མཚོ་ལུ་ ངོས་འཛིན་འབད་དེ་བཞག་མི་ ས་ཁོངས་དེ་ར་ཨིནམ་ལས་ དེ་ནང་ སྤོ་བཤུད་འབད་ནི་གི་ འོས་འབབ་བལྟ་དོ་ཟེར ཞབས་ཏོག་བློན་པོ་གིས་ བཤད་ཅི།
དེ་འབདཝ་ད་ སྣུམ་འཁོར་བཅོ་ཁང་གི་ ཇོ་བདག་ཚུ་གིས་ ཨོ་ལ་རོང་ཆུའི་ ས་ཁོངས་དེ་ སྒེར་ས་ཨིནམ་མ་ཚད་ སྤམ་མཚོ་ལུ་ ངོས་འཛིན་འབད་དེ་ བཞག་མི་དེ་ཡང་ སྒེར་ས་ཨིནམ་ལས་ ད་ལྟོའི་དཀའ་ངལ་དང་ ཅོག་འཐདཔ་སྦེ་ མི་འཐོན་ག་ཟེར་ སླབ་དོ་ཡོད་རུང་ བློན་པོ་རྡོ་རྗེ་ཚོ་རིང་གིས་འབད་བ་ཅིན་ གཞུང་གིས་ བར་འཛུལ་ཐོག་ སྒེར་སའི་ཇོ་བདག་ཚུ་དང་ ལེགས་ཤོམ་སྦེ་ བསྟུན་གྲོས་རྐྱབ་སྟེ་ འབད་ནི་གི་ ཐབས་ལམ་བཏོན་དོ་ཡོདཔ་ལས་ འདི་བཟུམ་མའི་ དཀའ་ངལ་མི་ཐོན་འོང་ཟེར་ཨིན་པས།
དེ་ལས་ ཐབས་ལམ་གཉིས་པ་དེ་ རྒྱལ་ས་ལྟེ་བ་ ཐིམ་ཕུག་འཛུལ་སྒོའི་ཕྱི་ཁར་ རྣམ་སྲས་གླིང་དང་ དེ་ལས་བརྒལ་ཏེ་ ས་ཆ་སྟོངམ་ཡོད་མེད་བལྟ་དོ་ཟེར་ ཞབས་ཏོག་བློན་པོ་གིས་ བཤད་པའི་ཁར་ ཧེ་མར་ སྤྱི་ལོ་༢༠༠༨-༠༩ ལུ་ ཨོ་ལ་རོང་ཆུ་ལུ་ སྣུམ་འཁོར་བཅོ་ཁང་ཚུ་ སྤོ་བཤུད་འབད་དགོ་མི་དེ་ དེ་བསྒང་ ཨ་ལོ་ཁ་དེ་ ཐིམ་ཕུག་ཁྲོམ་སྡེའི་ ཟུར་ཁ་ཨིན་རུང་ ད་རེས་ནངས་པར་ ཐིམ་ཕུག་ཁྲོམ་སྡེ་ལྟེ་བ་ལུ་ ཚུད་ཡོད་ནི་དེ་གིས་ཨིན་ཟེར་ བཤད་ཅི།
བློན་པོ་རྡོ་རྗེ་ཚེ་རིང་གིས་འབད་བ་ཅིན་ སྣུམ་འཁོར་བཅོ་ཁང་དང་ བཟོ་གྲྭའི་ས་ཁོངས་ཚུ་ ཁྲོམ་ལྟེ་བའི་སྦུག་ལུ་ཚུདཔ་ད་ ཨ་ཙི་ཅིག་ སྟབས་མི་བདེ་ནི་ཨིནམ་ལས་ མ་འོངས་ཡུན་བརྟན་གྱི་དོན་ལུ་ མནོ་བསམ་བཏང་སྟེ་ ཐིམ་ཕུག་ཁྲོམ་སྡེའི་ཕྱི་ཁར་ རྣམ་སྲས་གླིང་དང་ དེ་མེན་རུང་ དེ་ལས་བརྒལ་ཏེ་ ས་ཆ་ངོས་འཛིན་འབད་དགོཔ་སྦེ་ ལོ་རྒྱུས་སླབ་སྟེ་ཡོདཔ་ལས་ སྣུམ་འཁོར་བཅོ་ཁང་ཚུ་གིས་ རེ་བ་བསྐྱེདཔ་བཞིན་དུ་ ང་བཅས་ཀྱི་ ཁ་ཐུག་ལས་འབད་རུང་ འཕྲལ་མགྱོགས་ར་ ཐབས་ལམ་ཅིག་ བཏོན་ཚུགས་པའི་ རེ་བ་བསྐྱེད་དོ་ཟེར་ཨིན་པས།
སྣུམ་འཁོར་བཅོ་ཁང་ཚུ་གིས་ཞུ་གཏུགས།
སྣུམ་འཁོར་བཅོ་ཁང་སྡེ་ཚན་མཐུན་ཚོགས་ཀྱི་ ངོ་ཚབ་དག་པ་ཅིག་གིས་ གཞུང་ས་ཡུན་རིངམོ་སྦེ་ གླར་སྤྱོད་འབད་ཆོག་པའི་ གནང་བ་ཞུ་ནིའི་དོན་ལས་ སྤྱི་ཟླ་༧ པའི་ཚེས་༢༣ ལུ་ ཞབས་ཏོག་བློན་པོ་ལུ་ ཡང་བསྐྱར་དུ་ བཅར་ཡོད་མི་དེ་ཡང་ སྣུམ་འཁོར་བཅོ་ཁང་བཙུགས་ཏེ་ཡོད་མི་ སྒྲིང་ཁྱིམ་ཚུ་གི་ ཇོ་བདག་དག་པ་ཅིག་གིས་ ཁང་གླ་མཐོ་དྲགས་སྦེ་ ཡར་སེང་འབད་མི་དང་ ཁྱིམ་སྟོངམ་བཏོན་དགོཔ་སྦེ་ བརྡ་བསྐུལ་ཡི་གུ་སྤྲོད་མི་ལུ་བརྟེན་ ཁང་གླར་སྤྲོད་མི་དང་ ལེན་མི་ཚུ་གི་བར་ན་ རྩོད་རྙོགས་ཐོན་མི་དེ་ གཞུང་གིས་ བར་འཛུལ་ཐོག་ སེལ་གནང་ཐབས་ལུ་ཨིན་པས།
ཞབས་ཏོག་བློན་པོ་ལུ་ཕུལ་མི་ ཡི་གུ་དེ་ནང་ སྒྲིང་ཁྱིམ་གྱི་ ཇོ་བདག་དག་པ་ཅིག་གིས་ འབྲུག་གི་ས་དང་ཁྱིམ་གླར་སྤྱོད་ཀྱི་བཅའ་ཁྲིམས་༢༠༡༥ ཅན་མ་དང་མ་འཁྲིལ་བར་ ཁོང་གི་བློ་འདོད་ལྟར་ ཁང་གླ་ཚད་ལས་བརྒལ་ཏེ་ ཡར་སེང་དང་ གླར་སྤྱོད་འབད་མི་ཁང་ཚན་ཚུ་ ལོག་རྩིས་སྤྲོད་དགོ་པའི་ བློ་འདོད་བཀོད་མི་ལུ་ ཐེ་གཏོགས་གནང་དགོཔ་སྦེ་བཀོད་ནུག།
ཞབས་ཏོག་བློན་པོ་ རྡོ་རྗེ་ཚེ་རིང་གིས་ སླབ་མིའི་ནང་ སྣུམ་འཁོར་བཅོ་་ཁང་བཙུགས་མི་དང་ ཁྱིམ་གྱི་སྦྱིན་བདག་ཚུ་གི་བར་ན་ སྟབས་མ་བདེཝ་ དུམ་གྲ་ཅིག་ ཐོན་ཡོད་མི་དེ་ཡང་ སྤྱི་ལོ་༢༠༠༨-༠༩ ལུ་ སྣུམ་འཁོར་བཅོ་ཁང་ཚུ་ ལྕང་ཟམ་ཏོག་ལས་ ཨོ་ལ་རོང་ཆུ་ལུ་ སྤོ་བཤུད་འབད་བའི་ ནམ་དུས་ལུ་ ཁོང་གི་བར་ན་ གན་རྒྱ་འདྲཝ་ བཟོ་བཟོཝ་ག་ནི་ཡང་མེད་མི་ལུ་བརྟེན་ འོང་ནི་བཟུམ་འདུག་ཟེར་ཨིན་པས།
ད་རུང་ སྣུམ་འཁོར་བཅོ་ཁང་ཚུ་ སྤོ་བཤུད་འབད་ཚར་བའི་ཤུལ་ལུ་ སྣུམ་འཁོར་བཅོ་ཁང་ཚུ་གིས་ ཁྱིམ་གླར་སྤྱོད་ཐོག་ ལོ་ཚད་ག་དེམ་ཅིག་ སྡོད་ཆོག་ནི་ཨིན་ན་ ཡང་ཅིན་ ལོ་༡༥ ལས་༢༠ ཚུན་ སྡོད་ཆོག་ནི་ དེ་གི་ཤུལ་ལས་ ཁྱིམ་གྱི་སྦྱིན་བདག་ཚུ་གི་ དབང་ཚད་ཨིན་ཟེར་བའི་ རྩ་ཕན་གཉིས་ཀྱི་བར་ན་ གན་རྒྱ་དང་ ཁ་ཚིག་བཟོ་སྟེ་མིན་འདུག་ཟེར་ ཞབས་ཏོག་བློན་པོ་གིས་ བཤད་ཅི།
ཞབས་ཏོག་བློན་པོ་གིས་འབད་བ་ཅིན་ ད་རེས་ ཁྱིམ་གྱི་སྦྱིན་བདག་ཚུ་གིས་ ཁང་གླ་ཡར་སེང་འབད་དགོ་པའི་སྐོར་སླབ་ད་ སྣུམ་འཁོར་བཅོ་ཁང་ཚུ་གིས་ ཁང་གླ་དེ་ ས་དང་ཁྱིམ་གླར་སྤྱོད་ཀྱི་ བཅའ་ཁྲིམས་དང་འཁྲིལ་ ཡར་སེང་འབད་དགོཔ་སྦེ་ སླབ་མི་ལུ་ སྟབས་མ་བདེཝ་ དུམ་གྲ་རེ་ཐོན་ནུག་ཟེར་ཨིན་པས།
སྣུམ་འཁོར་བཅོ་ཁང་སྡེ་ཚན་མཐུན་ཚོགས་ཀྱིས་ ཞབས་ཏོག་བློན་པོ་ལུ་ ཞུ་གཏུགས་འབད་མི་དེ་ ཐེངས་༢ པ་ཨིནམ་ད་ དུས་ཅི་ སྤྱི་ཟླ་༤ པའི་ཚེས་༩ ལུ་ཡང་ སྣུམ་འཁོར་བཅོ་ཁང་ཚུ་ བར་སྦིས་ས་བཙོག་ཆུ་ལེགས་བསྒྱུར་འབད་སའི་ ས་ཁོངས་ནང་ སྤོ་བཤུད་འབད་གནང་དགོ་པའི་ ཞུ་བ་ཕུལ་ཡོདཔ་ད་ སྤྱི་ཟླ་༧ པའི་ཚེས་༡༩ ལུ་ གནད་དོན་དེ་གི་སྐོར་ལས་ བསྟན་རྒྱས་བློན་པོ་ལུ་ བཅར་ཡོདཔ་ཨིན་པས།
འཐུས་མི་ཅིག་གིས་ སླབ་མིའི་ནང་ སྣུམ་འཁོར་བཅོ་ཁང་ཚུ་གི་ ཚོང་འབྲེལ་ཡུན་བརྟན་གནས་ནི་དང་ བཅོ་ཁང་གི་ ལས་བྱེདཔ་ཚུ་གི་ ལཱ་གཡོག་ཉེན་སྲུང་ཡོདཔ་བཟོ་ནི་ དེ་ལས་ ན་གཞོན་ཚུ་ལུ་ ལཱ་གཡོག་གི་ གོ་སྐབས་སྤྲོད་ཐབས་ལུ་ སྣུམ་འཁོར་བཅོ་ཁང་ཚུ་ སྤོ་བཤུད་ཀྱི་ ཞུ་ཡིག་བཙུགས་ཅི་ེཟེར་ཨིན་པས།
ཐིམ་ཕུག་ཁྲོམ་སྡེ་གིས་ སའི་ཇོ་བདག་ཚུ་ལུ་ གཞུང་བཞེས་འབད་མི་ ས་ཆ་ཚུ་ ལོག་བྱིན་པའི་ཤུལ་ལས་ དམ་འཛིན་མེད་པའི་ བཟོ་སྐྲུན་འབད་མི་གིས་ ད་ལྟོའི་ས་ཁོངས་ནང་ རྒྱུན་འགྲུལ་བཀག་ཐོགས་ཀྱི་ དཀའ་ངལ་དང་ འཁོར་ལམ་ཆུང་དྲགས་པའི་ཁར་ རྒྱ་སྐྱེད་འབད་ནིའི་ ས་གོ་མེདཔ་མ་ཚད་ འཐུང་ཆུའི་དཀའ་ངལ་དང་ བཙོག་གཡུར་ལེགས་ཤོམ་མེདཔ་ལས་ ས་ཁོངས་གཞན་ཅིག་ནང་ སྤོ་བཤུད་འབད་དགོཔ་ ངེས་བདེན་ཨིན་ཟེར་ མཐུན་ཚོགས་ཀྱིས་ ཞུ་ཡིག་ནང་ བཀོད་ཡོད་པའི་གནས་ཚུལ།
རིག་འཛིན་དབང་ཕྱུག།

About admin

Check Also

ཟྭོ་ཆག་གི་ ཟོང་ཆ་ཚུ་ ནད་ཡམས་སྐབས་ལུ་ བཙོང་མ་ཚུགས་པའི་གདོང་ལེན།

༉ ཨ་རྟག་འབད་བ་ཅིན་ ཟྭོ་ཆག་གི་ ཐགས་ལཱ་ལུ་བརྟེན་ འོང་བབས་བཟོ་ཚུགས་དོ་ཡོདཔ་ཨིན་རུང་ ན་ཧིང་ལས་ཚུར་ ནད་ཡམས་ལུ་བརྟེན་ ཚོང་འབྲེལ་ལེགས་ཤོམ་འགྱོ་མ་བཏུབ་ལས་ ཐགས་འཐག་མི་ཨམ་སྲུ་ཚུ་ ད་རེས་ སོ་ནམ་གྱི་ལཱ་འབད་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས། ཀྲོང་གསར་ གླང་མཐིལ་རྒེད་འོག་ སྦས་གླིང་གཡུས་ཚན་ནང་རྐྱངམ་གཅིག་ …

Leave a Reply

Your email address will not be published. Required fields are marked *