བྱང་སྦིས་གཡུས་ཚན་ནང་ གཞི་བཙུགས་འབད་མི་ ཨོ་ལ་ཚལ་གྱི་ལྡུམ་ར།

ཨོ་ལ་ཚལ་གྱི་ ལྡུམ་ར་གིས་ མི་སེར་ཚུ་ལུ་ ཕན་ཐོགས་མེདཔ།

༉ མི་སྡེའི་དཔལ་འབྱོར་གནས་སྟངས་ ཡར་དྲག་གཏང་ནི་ལུ་དམིགས་ཏེ་ ཀྲོང་གསར་ གླང་མཐིལ་རྒེད་འོག་ བྱང་སྦིས་གཡུས་ཚན་ནང་ ཨོ་ལ་ཚལ་གྱི་ ལྡུམ་ར་ཅིག་ གཞི་བཙུགས་འབད་དེ་ཡོད་རུང་ ད་ལྟོ་ཚུན་ མི་སེར་ཚུ་གིས་ འོང་འབབ་ག་ནི་ཡང་ བཟོ་མ་ཚུགས་པས།
དེ་ཡང་ ཁོང་གིས་ ཨོ་ལ་ཚལ་འཛུགས་སྐྱོང་འབད་ནི་ འགོ་དང་པ་ཨིནམ་བཞིན་དུ་ ག་དེ་སྦེ་ འཛུགས་སྐྱོང་འབད་དགོཔ་ཨིན་ན་དང་ ཨོ་ལ་ཚལ་མ་འདྲཝ་ཚུ་ དུས་ཚོད་ནམ་ བཙུགས་དགོཔ་ཨིན་ན་ མ་ཤེས་མི་ལུ་བརྟེན་ཨིན་པས།
ད་རེས་ ས་ཁོངས་དེ་ནང་ འགྱོ་ལྟ་བའི་སྐབས་ མ་གཞི་ ལྡུམ་ར་ཚུ་ ར་བ་རྐྱབ་ཐོག་ལས་ ལེགས་ཤོམ་སྦེ་ར་ གཞི་བཙུགས་འབད་དེ་ཡོད་རུང་ བཟོ་བཀོད་ཚུ་ཡང་ ལེ་ཤ་ཅིག་ར་ མེདཔ་ཐལ་སོ་ནུག།
བཟོ་བཀོད་ལ་ལུ་ཅིག་གི་ ཁྱིམ་ཐོག་ཚུ་ཡང་ མེདཔ་ཐལ་ཡོདཔ་མ་ཚད་ ལྡུམ་ར་ནང་ ཧོན་སྡོང་ལེ་ཤ་ཅིག་ར་ སྐྱེས་ཏེ་འདུག།
ཨོ་ལ་ཚལ་ཚུ་ ཤིང་དུམ་དང་ ཤིང་སྒྲོམ་ཚུ་ནང་ བཙུགས་ཏེ་ཡོདཔ་ཨིན་རུང་ ལ་ལོ་ཅིག་ སྐམ་སྟེ་ཤི་སོ་རུང་ ལ་ལོ་ཅིག་ དེ་སྦེ་ར་འདུག།
མི་སྡེའི་ཨོ་ལ་ཚལ་སྡེ་ཚན་གྱི་ཁྲི་འཛིན་ བཙན་སྐྱོགས་ཀྱིས་ སླབ་མིའི་ནང་ མ་གཞི་ ལྡུམ་ར་དེ་ ཧ་ལམ་ སྤྱི་ལོ་༢༠༠༤ དེ་ཅིག་ལས་ར་ གཞི་བཙུགས་འབད་ཡོདཔ་ཨིན་རུང་ ད་ལྟོའི་བར་ན་ཡང་ དེ་ལུ་བརྟེན་པའི་ འོང་འབབ་ག་ནི་ཡང་ བཟོ་མ་ཚུགས་ཟེར་ཨིན་པས།
ཁོ་གིས་ འབད་བ་ཅིན་ མི་སེར་ཚུ་གིས་ ལྡུམ་ར་དེ་ནང་ ལོ་བསྟར་བཞིན་དུ་ ལཱ་འབད་དགོཔ་ད་ འོང་འབབ་ག་ནི་ཡང་ འཐོབ་ནི་མེད་པའི་སྐབས་ བྱ་སྟབས་མ་བདེཝ་ སྦོམ་སྦེ་ར་ འདུག་ཟེར་ཨིན་པས།
བཙན་སྐྱོགས་ཀྱིས་འབད་བ་ཅིན་ མི་སེར་ཚུ་གིས་ ཨོ་ལ་ཚལ་ཚུ་ འཛུགས་སྐྱོང་འབད་དེ་ ཚོང་འབྲེལ་འཐབ་ནི་ལུ་ དཀའ་ངལ་ཆེ་ཤོས་དེ་ར་ ཆུ་མེད་མི་དེ་ ཨིན་ཟེར་ཨིནམ་མ་ཚད་ གཞན་མི་དེ་ ཨོ་ལ་ཚལ་ཚུ་ དུས་ཚོད་ནམ་ འཛུགས་སྐྱོང་འབད་དགོཔ་ཨིན་ན་ མ་ཤེས་མི་དེ་ ཨིན་ཟེར་ཨིན་པས།
མ་གཞི་ ད་རེས་ཁམས་ ཆུ་འཐེན་ནིའི་དོན་ལུ་ ཆུ་དུང་ཚུ་ ཐོབ་ཡོད་རུང་ དེ་གིས་ ལང་མ་ཚུགསཔ་ལས་ དེ་སྦེ་ར་ ལུས་ཏེ་ཡོད་ཟེར་ཨིན་པས།
ད་ལས་ཕར་ ལྡུམ་ར་དེ་ ཕན་ཐོགས་ཅན་བཟོ་ནིའི་དོན་ལུ་ ཐབས་ལམ་གཞན་ ག་བཟུམ་བཏོན་པ་ཅིན་དྲག་གའི་ མནོ་བསམ་བཏང་པའི་བསྒང་ར་ ཡོད་ཟེར་ཨིན་པས།
ལྡུམ་རའི་འཐུས་མི་ སྐྱེས་ལོ་༤༦ ལང་མི་ ཕུ་རུམ་ཟུར་གཡུས་ཚན་ལས་ དོས་བླང་གིས་ སླབ་མིའི་ནང་ མ་གཞི་ མི་སེར་ཚུ་གིས་ ལོ་བསྟར་བཞིན་དུ་ ཨོ་ལ་ཚལ་ཚུ་ ཚལ་མ་ནང་ལས་ བསྡུ་བསྒྱོམ་འབད་དེ་ འཛུགས་སྐྱོང་འབད་དོ་ཡོདཔ་ཨིན་རུང་ ལེགས་ཤོམ་སྦེ་ སྐྱེས་མི་བཏུབ་པས་ཟེར་ཨིནམ་ད་ ཁོ་གིས་འབད་རུང་ དཀའ་ངལ་དེ་ གཙོ་བོ་ར་ ཆུ་མེད་མི་ལུ་བརྟེན་ ཨིནམ་འོང་ནི་མས་ཟེར་ཨིན་པས།
ལྡུམ་ར་དེ་ཡང་ བྱང་སྦིས་དང་ ཕུ་རུམ་ཟུར་ དེ་ལས་ ཝང་གླིང་གཡུས་ཚན་གསུམ་གྱི་ མི་སེར་ཚུ་གི་དོན་ལུ་ཨིནམ་ད་ སྡེ་ཚན་ནང་འཐུས་མི་༥༩ ཡོདཔ་ཨིན་པས།
ལྡུམ་ར་དེ་ཡང་ རྒྱལ་ཡོངས་སྐྱེས་ལྡན་རིགས་སྣའི་ལྟེ་བ་དང་ ཀྲོང་གསར་རྫོང་ཁག་ ནགས་ཚལ་ཡིག་ཚང་༢ མཉམ་འབྲེལ་ཐོག་ལས་ གཞི་བཙུགས་འབད་ཡོདཔ་ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

About admin

Check Also

དྲིན་ཅན་ཕམ་ལུ་ དྲིན་ལན་འཇལ་དགོ་པའི་རྒྱབ་ཁུངས་དང་ དྲིན་ལན་འཇལ་ནིའི་ཐབས་ལམ།

༉ རང་ཟླ་༩ པའི་ཚེས་༢༢ ལུ་ ལྷ་བབས་དུས་ཆེན་གྱི་ཉིནམ་འདི་ དྲིན་ཅན་ཕ་མའི་ཉིནམ་སྦེ་ བརྩི་སྲུང་ཞུཝ་ཨིན།  དེ་སྦེ་བརྩི་སྲུང་འབད་དགོ་པའི་ དམིགས་ཡུལ་གཙོ་བོ་ར་ དྲིན་ཅན་ཕམ་ལུ་ དྲིན་ལན་འཇལ་དགོཔ་ ཁག་ཆེཝ་ཨིནམ་ ཤེས་ནིའི་དོན་ལུ་ཨིན། ཕམ་ཚུ་ལུ་ དྲིན་ལན་འཇལ་དགོ་པའི་ཁུངས་ …

Leave a Reply

Your email address will not be published. Required fields are marked *