ཨོ་རོང་ལུ་ སྤྱང་ཁྱི་ཚུ་གིས་ གཡུས་བྱ་ཚུ་བསད་པའི་གདོང་ལེན།

༉ བསམ་གྲུབ་ལྗོངས་མཁར་ཨོ་རོང་རྒེད་འོག་ ཕི་ལུ་མ་སྤྱི་འོག་ནང་ གཡུས་བྱ་ཚུ་ ཧེ་མ་འབད་བ་ཅིན་ ཚལ་མ་ནང་གི་ བྱི་ལིའི་རིགས་དང་ འམོ་ཚུ་གིས་ བྱ་ཚང་ནང་ལས་ ནུབ་མོར་འཐུ་འབག་སྟེ་བཟའ་བའི་ དཀའ་ངལ་ཡོདཔ་ཨིན་པས།

ཨིན་རུང་ འཕྲལ་ཁམས་ཅིག་ལས་ གཡུས་ཁར་སྤྱང་ཁྱི་སྡེ་ཚན་ཅིག་ཡོད་མི་གིས་ གཡུས་བྱ་ཚུ་ ཉིན་མར་བསད་བཟའ་བའི་ གདོང་ལེན་སྦོམ་བྱུང་སྟེ་འདུག།

བསྟན་འཛིན་ཆོས་འཛོམས་ཀྱི་ ཨ་ཞང་དེ་ ཐིམ་ཕུག་ལུ་ སྨན་བཅོས་འབད་བར་ སོང་པའི་ཤུལ་ལས་ མོ་རའི་ཁྱིམ་ཡང་ མོ་གིས་ བལྟ་དགོཔ་ལས་ ཨ་ཞང་གི་ཁྱིམ་ནང་ ཨ་རྟག་ར་ སྡོད་མ་ཚུགས་མི་ལུ་བརྟེན་ སྤྱང་ཁྱི་ཚུ་གིས་ ཨ་ཞང་གི་ བྱམོ་ཚུ་ག་ར་ བསད་བཟའ་ཚར་ཡོདཔ་ཨིན་པས།

མོ་གིས་ སླབ་མིའི་ནང་ སྤྱང་ཁྱི་ཚུ་ མོ་སྡོད་སའི་ ཁྱིམ་གྱི་འོག་ལུ་ ཚལ་མ་ནང་ བྱི་ཐུར་གྱི་དོང་ནང་ སྡོད་ནི་འདུག་ཟེར་ཨིནམ་ད་ ཕྱུག་གུ་ཡང་ ལེ་ཤ་འཚའ་སྟེ་ཡོདཔ་ལས་ གཡུས་བྱ་ཚུ་ ཕྱི་ཁར་ཐོནམ་ད་ བསད་བཟའཝ་མས་ཟེར་ཨིན་པས།

ཨ་ཞང་གི་ཁྱིམ་ནང་ བྱམོ་༡༥ དེ་ཅིག་ཡོད་མི་ལས་ ཕྱེད་ཀ་ཅིག་དེ་ཅིག་ སྤྱང་ཁྱི་ཚུ་གིས་ བཟའ་ཡོདཔ་མ་ཚད་ ནུབ་མོར་ ཁྱིམ་ནང་སྡོད་མི་མེདཔ་ལས་ འམོ་ཚུ་གིས་ཡང་ ཟ་ནུག་ཟེར་ཨིན་པས།

མོ་གི་ཁྱིམ་ནང་ལས་ཡང་ བྱམོ་དག་པ་ཅིག་ བསད་བཟའ་ཡོད་རུང་ སྤྱང་ཁྱི་ཚུ་ ད་རེས་ནངས་པར་ཡང་ དེ་ནང་ར་ཡོདཔ་ལས་ འཕྲལ་འཕྲལ་སྐབས་ བཟའ་བཏུབ་པའི་རིགས་ པགས་ཀོ་བཟུམ་ ཕྱི་ཁར་ལུས་པ་ཅིན་ འཐུ་འབག་ནི་འདུག་ཟེར་ཨིན་པས།

མོ་རའི་ཁྱིམ་ཚང་ བསོད་ནམས་ཆོས་སྒྲོན་གྱིས་ བཤད་མིའི་ནང་ སྤྱང་ཁྱི་ཚུ་གིས་ བྱམོ་ཚུ་ལུ་ གནོདཔ་བཀལ་མི་ལུ་བརྟེན་ གཡུས་མི་དག་པ་ཅིག་གིས་ རོ་ཁྱིའི་ཕྱུག་གུ་དག་པ་ཅིག་བཟུང་སྟེ་ ལམ་ཐག་རིང་སར་ བསྐྱལ་ཡོད་རུང་ ཕྱུག་གུ་ལ་ལོ་ ད་ལྟོ་ཡང་ བཟུང་མ་ཚུགསཔ་ལས་ དེ་ཚུ་གིས་ གནོདཔ་བཀལཝ་མས་ཟེར་ཨིན་པས།

སྤྱང་ཁྱི་ཚུ་ ཉིན་མར་གཡུས་ཚན་ནང་ལས་ཕར་ སྤྱང་འཁྱམས་འགྱོ་སར་མཐོངམ་ད་ ན་གཞོན་ཚུ་གིས་ བཟུང་ནིའི་དོན་ལུ་ བདའ་དོ་ཡོད་རུང་ དོང་ནང་འཛུལ་ཏེ་ གཡིབ་སྡོདཔ་མས་ཟེར་ཨིན་པས།

སྤྱང་ཁྱི་ཚུ་ ག་དེ་སྦེ་ གཡུས་ཚན་དེ་ནང་ ལྷོད་ཡོདཔ་ཨིན་ན་ ག་གིས་ཡང་ མི་ཤེས་དོ་ཡོད་རུང་ ལ་ལོ་གིས་ སླབ་མིའི་ནང་ ལོ་དག་པ་ཅིག་གི་ཧེ་མར་ ཉེ་འདབས་ཀྱི་གཡུས་ཚན་ནང་ལས་འོང་སྟེ་ ལོག་འགྱོ་མ་བཏུབ་པར་ ཕྱུག་གུ་འཚའ་ཡི་ར་ སྡོདཔ་མས་ཟེར་ཨིན་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

སོ་ནམ་ཞིང་ལམ་ལག་ལེན་འཐབ་མི་ཚུ་ལས་ སྤྱོད་འཐུས་བསྡུ་ནི་ལུ་ཐེ་ཚོམ།

༉ སོ་ནམ་ཞིང་ལམ་ཚུ་ ཤིང་དང་ བྱེམ་ལ་སོགས་པ་ བཏོན་ནིའི་དོན་ལུ་ སྣུམ་འཁོར་ཆེ་བ་ཚུ་ ལག་ལེན་འཐབ་པའི་སྐབས་ སྤྱོད་འཐུས་བསྡུ་ནི་དེ་ ཟུར་ཁྲིམས་ནང་རྐྱངམ་གཅིག་ དོན་ཚན་སྦེ་ ཚུད་དེ་ཡོདཔ་ལས་ ས་གནས་གཞུང་གིས་ བསྟར་སྤྱོད་ འབད་ནི་ལུ་ ཐེ་ཚོམ་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *