༉ གཞུང་གི་ཁ་ཐུག་ལས་ རྒྱ་གར་སྒང་ཏོག་ལུ་ཡོད་མི་ སི་ཀིམ་མ་ནི་པཱལ་གཙུག་ལག་སློབ་སྡེ་ (ཨེསི་ཨེམ་ཡུ) ལས་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་ཚུ་གི་ ཤེས་ཚད་ལག་ཁྱེར་ཚུ་ལུ་ ངོས་ལེན་ཡོདཔ་ བཟོ་ནིའི་དོན་ལུ་ ག་དེ་དྲག་དྲག་ ཆ་རོགས་འབད་ནི་གི་ རྩ་འགེངས་ཡོད་རུང་ འབྲུག་གི་བཙག་འཐུ་ལྷན་ཚོགས་དང་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་གཉིས་ཆ་ར་གིས་ ངོས་ལེན་འབད་མ་བཏུབ་ཟེར་ཨིན་པས།
དེ་ཡང་ ཁ་ཙ་ བརྡ་བརྒྱུདཔ་ཚུ་དང་ ཞལ་འཛོམས་འཚོགསཔ་ད་ ཨེསི་ཨེམ་ཡུ་གཙུག་ལག་སློབ་སྡེའི་འོག་ལས་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་ཚུ་གི་ གནས་སྟངས་བརྟན་ཏོག་ཏོ་མེད་པའི་སྐོར་ དྲི་བ་ཞུ་བའི་ལན་ལུ་ ཤེས་རིག་བློན་པོ་ ནོར་བུ་དབང་ཕྱུག་གིས་ བཤད་ཅི།
གཞུང་གིས་ གནད་དོན་དེ་གི་སྐོར་ལས་ ཆ་རོགས་འབད་ཐབས་མ་བྱུང་ཟེར་ གསུངས་མི་དེ་གིས་ སི་ཀིམ་གཙུག་ལག་སློབ་སྡེ་ལས་ མཐོ་རིམ་ཤེས་ཚད་ལག་ཁྱེར་འཆང་མི་ སློབ་ཕྲུག་བརྒྱ་ཕྲག་ལེ་ཤ་ཅིག་ལུ་ ཐོ་སྦོམ་སྦེ་ར་ ཕོག་ཡོདཔ་ད་ ཨེསི་ཨེམ་ཡུ་ལས་ ད་ཚུན་གྱི་བར་ན་ འབྲུག་པའི་སློབ་ཕྲུག་༥,༠༠༠ དེ་ཅིག་གིས་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་ཡོདཔ་སྦེ་ བཤདཔ་ཨིན་པས།
གནད་དོན་དེ་ བཙག་འཐུ་ལྷན་ཚོགས་དང་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་དང་གཅིག་ཁར་ཡོད་ཟེར་ བློན་པོ་ནོར་བུ་དབང་ཕྱུག་གིས་ བཤད་པའི་ཁར་ ཤེས་རིག་ལྷན་ཁག་གི་ འོག་ལུ་ཡོད་མི་ འབྲུག་ངོ་སྦྱོར་ཚོགས་སྡེ་དེ་གིས་ ཤེས་ཚད་དེ་ ཐག་རིང་དང་ ཡང་ཅིན་ དུས་རྒྱུན་གྱི་ གཙུག་ལག་སློབ་སྡེ་ལས་ མཐར་འཁྱོལ་ཡོད་མེད་ དབྱེ་ཁག་བཟོ་ནི་རྐྱངམ་གཅིག་ཨིན་ཟེར་ བཤད་ཅི།
དཀའ་ངལ་དེ་ཡང་ སྤྱི་ལོ་༢༠༡༦ ལུ་ འབྲུག་ངོ་སྦྱོར་ཚོགས་སྡེ་གིས་ མཐོ་རིམ་ཤེས་ཚད་ཀྱི་ ངོ་སྦྱོར་བྱིན་ནིའི་ འགན་ཁུར་རྩིས་ལེན་པའི་སྐབས་ ཐོན་ཡོདཔ་ད་ དེ་གི་ཧེ་མ་ འབྲུག་རྒྱལ་འཛིན་གཙུག་ལག་སློབ་སྡེ་གིས་ ཤེས་ཚད་ལག་ཁྱེར་ཚུ་ལུ་ ངོ་སྦྱོར་འབད་ཡོདཔ་ཨིན་པས།
ང་བཅས་ཀྱིས་ མཐོ་རིམ་སློབ་ཕྲུག་ཚུ་ལུ་ རྒྱབ་སྐྱོར་འབད་ནི་གི་ རེ་བ་སྦོམ་བསྐྱེད་ཡོདཔ་མ་ཚད་ ཆ་རོགས་གང་དྲག་འབད་ནི་གི་ རྩ་འགེངས་ཡོད་རུང་ ཕྱོགས་གཅིག་ལས་ ཁྲིམས་ཡིག་དང་འཁྲིལ་ དགོཔ་ལས་ སྟབས་མ་བདེཝ་ ཐོན་སོ་ཡི་ཟེར་ ཤེས་རིག་བློན་པོ་གིས་ བཤདཔ་ཨིན་པས།
ཨིན་རུང་ གཞུང་གི་ཁ་ཐུག་ལས་ བཙག་འཐུ་ལྷན་ཚོགས་དང་ ཡང་ཅིན་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ལུ་ ཨེསི་ཨེམ་ཡུ་གཙུག་ལག་སློབ་སྡེའི་འོག་ལས་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་ཚུ་ལུ་ ངོས་འཛིན་གནང་དགོ་པའི་ ཞུ་བ་འབད་ཡོད་རུང་ མཐར་འཁྱོལ་མ་ཚུགསཔ་ལས་ སེམས་ཕམ་སྦོམ་བྱུང་ཡི་ཟེར་ བློན་པོ་ནོར་བུ་དབང་ཕྱུག་གིས་ བཤད་ཡོད་པའི་གནས་ཚུལ།

ཤེས་རིག་བློན་པོ་ ནོར་བུ་དབང་ཕྱུག།