ཨེཆ་ཨའེ་བི་ནད་འབུབ་ཐོབ་མི་ཚུ་ལུ་ ཕྱོགས་རིས་ཕྱེ་བཞིན་དུ་ཡོདཔ།

༉ ལོ་ངོ་བཅུ་ཕྲག་༣ གྱི་ཧེ་མར་ ཨེཆ་ཨའེ་བི་ནད་འབུབ་དེ་ དུག་དྲགས་ཅིག་སྦེ་ བརྩི་དོ་ཡོདཔ་ཨིན་རུང་ ད་རེས་ནངས་པར་ སྤྱིར་བཏང་ནད་གཞི་བཟུམ་མའི་ ཚོར་སྣང་ཅིག་ལས་བརྒལ་ མི་འབྱུང་དོ་ཡོདཔ་ཨིན་པས།

ནད་འབུབ་དེ་གི་སྐོར་ལས་ གོ་བརྡ་ཚུ་སྤྲོད་དོ་ཡོདཔ་ཨིན་རུང་ ད་ལྟོའི་བར་ན་ཡང་ ནད་འབུབ་ཐོབ་མི་ཚུ་ལུ་ ཕྱོགས་རིས་ཕྱེ་བཞིན་དུ་ཡོདཔ་ཨིན་པས།

ཨེཆ་ཨའེ་བི་གི་སྨན་བཅོས་དེ་ཡང་ ཧེ་མ་ སྨན་ལེབ་ལེ་ཤ་བཟའ་དགོ་པའི་ཁར་ སྟབས་མ་བདེ་བའི་གནས་སྟངས་ཚུ་བྱུང་དོ་ཡོད་རུང་ ད་རེས་ དུས་ཡུན་ཆུ་ཚོད་༢༤ འི་ནང་འཁོད་ལུ་ སྨན་ལེབ་ཕུད་རྡོག་གཅིག་ལས་བརྒལ་ བཟའ་མ་དགོ་པའི་ གནས་སྟངས་ཅིག་ལུ་ གྱུར་ཡོདཔ་ཨིན་པས།

བསམ་གཏན་དེ་ སྤྱི་ལོ་༢༠༡༦ ལུ་ ཨེཆ་ཨའེ་བི་ཐོབ་ཡོདཔ་སྦེ་ ཤེས་པའི་ཤུལ་ལས་ ཉེ་ཚན་ཚུ་གིས་ མོ་ལུ་ བལྟ་མ་བཏུབ་ པའི་ཁར་ ལོ་དེ་ནང་ མོ་རའི་ ནང་མི་བཟའ་ཚང་ཚུ་དང་གཅིག་ཁར་ མཐུན་ལམ་ཡང་ མེདཔ་ཐལ་ཡོདཔ་ད་ མོ་རའི་ ཨ་ལོ་དང་ ཆུ་ཁ་ལུ་ཡོད་པའི་ མི་སྡེ་ཚུ་གིས་ཡང་ མཐུན་ལམ་བཞག་མ་བཏུབ་ཨིན་པས།

མོ་གིས་ གཡུས་ཁར་ ཚར་གཅིག་སོང་ཡོད་རུང་ ཆ་རོགས་ཚུ་གིས་ ཨེཆ་ཨའེ་བི་ནད་འབུབ་ཐོབ་ནུག་ཟེར་ འབྲེལ་བ་འཐབ་མ་བཏུབཔ་ལས་ ལོག་མི་འགྱོ་ནི་སྦེ་ སེམས་ཐག་བཅད་ཡོདཔ་ཨིན་པས།

མོ་གིས་ ནད་གཞི་དེའི་སྐོར་ལས་ མོ་རའི་བུམོ་༢ ལུ་ སླབ་པའི་ཤུལ་ལས་ ལྷག་བསམ་དང་གཅིག་ཁར་ འབྲེལ་བ་འཐབ་སྟེ་ འཕྲོད་བསྟེན་བདག་འཛིན་འཐབ་དོ་ཡོདཔ་ཨིན་པས།

ཨིན་རུང་ མི་སྡེའི་མནོ་ལུགས་དེ་ ཧེ་མ་བཟུམ་སྦེ་ར་ཡོདཔ་ད་ མོ་ར་ ཤེས་ཡོན་མེད་པའི་ཁར་ གཉེན་ཡ་བྲལ་སོང་མི་ ཨམ་སྲུ་ ཅིག་ཨིནམ་ལས་ འཚོ་བ་སྐྱོང་ནིའི་དོན་ལུ་ ལཱ་གཡོག་འཚོལ་རུང་ ངོས་ལེན་འབད་མི་མེདཔ་ཨིན་པས།

བསམ་གཏན་གྱིས་ སླབ་མིའི་ནང་ ལཱ་གཡོག་གི་དོན་ལུ་ གསོ་བའི་ལག་ཁྱེར་བཏོན་དགོཔ་ལས་ གསང་བཞག་མི་ཚུགས་པས་ཟེར་ཨིནམ་ད་ མང་ཤོས་ཅིག་གིས་ ཁོང་དང་གཅིག་ཁར་ ལཱ་འབད་མི་ཚུགས་ནི་མས་ཟེར་ སླབ་ནི་འདུག་ཟེར་ཨིན་པས།

མི་ཚུ་གིས་ ཕྱོགས་རིས་ཕྱེ་བའི་ཁར་ ནད་གཞི་དེ་ ག་ཏེ་ལས་ ཐོབ་ཐོབ་སྨོ་ཟེར་ འདྲི་ནི་འདུག་ཟེར་ཨིནམ་ད་ མོ་ར་ ཤེས་ཡོན་མ་བལྟ་མི་ཅིག་འབད་བའི་ཁར་ ཨེཆ་ཨའེ་བི་ནད་འབུབ་ཡོདཔ་ལས་ ལཱ་གཡོག་འཚོལ་ནི་ལུ་ ལཱ་ཁག་འདུག་ཟེར་ཨིན་པས།

མོ་ལུ་ ནད་གཞི་ཡོད་མི་ལུ་བརྟེན་ ཡིག་ཚང་མང་ཤོས་ཅིག་གིས་ ལཱ་གཡོག་བྱིན་མི་བཏུབ་དོ་ཡོདཔ་ད་ བསམ་གཏན་དེ་ ཁ་མང་སུ་སྦེ་ སླབ་མི་ཅིག་ཨིནམ་ད་ ནད་གཞི་དེ་གི་ གོ་བརྡ་སྤྲོད་དགོཔ་ཁག་ཆེཝ་ལས་ དྲི་བ་འདྲི་ལན་འབད་བའི་སྐབས་ མོ་གིས་ ནད་གཞི་ཐོབ་ཡོད་པའི་སྐོར་ལས་ སླབ་དོ་ཡོདཔ་ཨིན་པས།

མོ་གིས་ སྦ་གསང་མེད་པར་ སླབ་ནི་དེ་གིས་ གོ་སྐབས་ཚུ་བྱང་དོ་ཡོདཔ་ལས་ བསྒྱུར་བཅོས་འབད་དགོ་པས་ཟེར་ བཤདཔ་ཨིན་པས།

མོ་གིས་སླབ་མིའི་ནང་ མི་སྡེ་གིས་ རྒྱབ་སྐྱོར་དང་ ངོས་ལེན་འབད་དགོཔ་འདུག་ཟེར་ཨིནམ་ད་ རང་སྲོག་གཅད་ནིའི་ མནོ་བསམ་བཏང་རུང་ མོ་རའི་ཨ་ལོ་ཚུ་ བལྟ་དགོཔ་ལས་ མ་འབད་ཟེར་ཨིན་པས།

མོ་གིས་སླབ་མིའི་ནང་ ཕམ་ཚུ་དང་ཡང་ འཕྱད་མ་བཅུག་པར་ བཞགཔ་མས་ཟེར་ཨིནམ་ད་ མོ་གིས་ ལག་རྟགས་རེ་བསྐྱལ་རུང་ མོ་རའི་ བུམོ་སྦོམ་ཤོས་ལུ་ བསྐྱལ་བཅུགཔ་ཨིན་ཟེར་ཨིན་པས།

མོ་གིས་ ལྷག་བསམ་དང་གཅིག་ཁར་ འབྲེལ་བ་འཐབ་པའི་ཤུལ་ལས་ མོ་རང་བཟུམ་མའི་ མི་ཚུ་དང་གཅིག་ཁར་ འབྲེལ་བ་འཐབ་ཚུགསཔ་ལས སེམས་དགའ་ཡི་ཟེར་ཨིན་པས།

སློབ་གྲྭ་ཚུ་ནང་ གོ་བརྡ་སྤྲོད་པའི་སྐབས་ལུ་ ལུས་འབྲེལ་དེ་ ཡོངས་གྲགས་བཟོ་དོ་བཟུམ་མའི་ ཚོར་སྣང་ཡོདཔ་ལས་ གོ་བརྡ་སྤྲོད་ནིའི་གོ་སྐབས་ མི་བྱིན་དོ་ཡོདཔ་ཨིན་པས།

ལྷག་བསམ་གྱི་ བཀོད་ཁྱབ་མདོ་ཆེན་ དབང་གྲགས་རྡོ་རྗེ་གིས་ སླབ་མིའི་ནང་ མི་མང་ཤོས་ཅིག་གིས་ ནད་གཞི་དེའི་སྐོར་ལས་ ཧ་གོ་རུང་ བསྒྱུར་བཅོས་འབད་ནིའི་དོན་ལུ་ འབད་དགོཔ་ལེ་ཤ་ཡོད་ཟེར་ཨིན་པས།

ཁོ་གིས་སླབ་མིའི་ནང་ མི་སྡེ་ལས་ཚོགས་ཚུ་གི་བར་ན་ མཐུན་འབྲེལ་ལེགས་ཤོམ་མེད་མི་དེ་གིས་ མི་སྡེ་ནང་ གོ་བརྡ་སྤྲོད་ནི་ལུ་ ལཱ་ཁག་འདུག་ཟེར་ཨིན་པས།

ད་རེས་ རྒྱལ་ཁབ་ནང་ ཨེཆ་ཨའེ་བི་ནད་འབུབ་ཐོབ་མི་༧༤༡ ཡོད་ས་ལས་ ལྷག་བསམ་དང་གཅིག་ཁར་ ཐོ་བཀོད་འབད་མི་ མི་༢༠༤ ཡོདཔ་ཨིན་པས།

ལོ་རྒྱུས་དེ་ཚུ་ ཉིན་གྲངས་༢ ཀྱི་རིང་ བརྡ་བརྒྱུདཔ་ཚུ་གིས་ གྲལ་གཏོགས་འབད་དེ་ ཨེཆ་ཨའེ་བི་ནད་འབུབ་སྐོར་ལས་དང་ མཚན་མ་གཅིག་པ་ མཚན་མ་བསྒྱུར་བཅོས་འབད་མི་ དེ་ལས་ སྨྱོ་རྫས་སྤྱོད་མི་ཚུ་གི་སྐོར་ལས་ གྲོས་འཛོམས་ཅིག་ འགོ་འདྲེན་འཐབ་པའི་སྐབས་ལུ་ བཤད་ཡོད་པའི་གནས་ཚུལ།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *