གསོ་བ་བློན་པོ་ བདེ་ཆེན་དབང་མོ་གིས་ རྒྱང་མཐོང་ཊི་བི་ཚུ་ རྩིས་ལེན་པའི་བསྒང་།

ཨེ་ཤི་ཡཱན་གོང་འཕེལ་དངུལ་ཁང་ལས་ ཡུ་ཨེསི་ཌོ་ལར་ས་ཡ་༢༠ གྲོགས་རམ།

༉ གསོ་བའི་བརྡ་དོན་ལམ་ལུགས་ ཡར་དྲག་གཏང་ནི་དང་ དངུལ་འབྲེལ་ཡུན་བརྟན་བརྩིས་ཏེ་ གློག་རིག་གི་ གསོ་བའི་ཞབས་ཏོག་སྒྲིང་སྒྲི་བཟོ་ཐབས་ལུ་ ཁ་ཙ་ ཨེ་ཤི་ཡཱན་གོང་འཕེལ་དངུལ་ཁང་གིས་ ཡུ་ཨེསི་ཌོ་ལར་ས་ཡ་༢༠ གསོ་བའི་ལྷན་ཁག་ལུ་ གྲོགས་རམ་བྱིན་ཡི།
གྲོགས་རམ་གྱི་ ཆ་ཤས་ཅིག་སྦེ་ ཨེ་ཤི་ཡཱན་གོང་འཕེལ་དངུལ་ཁང་གིས་ དངུལ་ཀྲམ་ས་ཡ་༤.༨ གནས་པའི་ གསོ་བའི་ཞབས་ཏོག་ ཡར་དྲག་གཏང་ནི་གི་ ལྷན་ཐབས་ལུ་ རྒྱང་མཐོང་ཊི་བི་༨༥ དང་ སྨན་སྒྲོམ་༡༠༠ གསོ་བ་ལྷན་ཁག་ལུ་ གྲོགས་རམ་སྦེ་ རྩིས་སྤྲོད་འབད་ཡི།
རྒྱང་མཐོང་ཊི་བི་ཚུ་ཡང་ གཞི་རྟེན་སྨན་ཁང་ཚུ་ནང་ བགོ་བཀྲམ་འབད་ནི་དང་ ངོས་འཛིན་ཅན་གྱི་ ས་གོ་ཚུ་ནང་ ཉེན་སྲུང་དང་ལྡནམ་སྦེ་ དཔེ་ཚད་འབག་ནི་ལུ་ སྨན་སྒྲོམ་དེ་ ཁག་ཆེཝ་ལས་ རྒྱལ་འཛིན་ནད་རིགས་བཀག་ཐབས་ལྟེ་བ་གིས་ གཞི་རྟེན་སྨན་ཁང་དང་ རྫོང་ཁག་སྨན་ཁང་ཚུ་ནང་ཡང་ བགོ་བཀྲམ་འབད་ནི་ཨིན་པས།
གསོ་བའི་འགོ་དཔོན་ཚུ་གིས་ སླབ་མིའི་ནང་ དཔེ་ཚད་སྐྱེལ་འདྲེན་སྒྲོམ་དེ་གིས་ ནད་གཞི་ཁྱབ་སྤེལ་འགྱོ་བའི་སྐབས་ གྲ་སྒྲིག་གི་དོན་ལུ་ སྨན་ཁང་ཚུ་ལས་ དཔེ་ཚད་ཚུ་ རྒྱལ་འཛིན་ནད་རིགས་བཀག་ཐབས་ལྟེ་བ་ལུ་བསྐྱལཝ་ད་ ལྷན་ཐབས་འབྱུང་འོང་ཟེར་ཨིན་པས།
རྒྱང་མཐོང་ཊི་བི་ཚུ་ སྨན་ཁང་ལྟེ་བའི་ནང་ཡོད་མི་ དམིགས་བསལ་མ་བུ་གཅེས་སྐྱོང་ཁང་ཚན་ནང་ བཞག་ནི་ཨིནམ་ད་ དེ་ཡང་ ཨའི་དང་གཅེས་སྐྱོང་པ་ཚུ་ གསོ་བའི་ཞབས་ཏོག་ལེན་ནིའི་དོན་ལུ་ སྒུག་སྡོད་པའི་སྐབས་ བརྡ་དོན་སྤྲོད་ལེན་དང་ ཤེས་ཡོན་རྒྱང་བསྒྲགས་འབད་ནི་ལུ་དམིགས་ཏེ་ཨིན་པས།
གསོ་བ་ལས་སྡེ་གོང་འཕེལ་ལས་རིམ་གྱི་ ལས་འགུལ་འཛིན་སྐྱོང་པ་ སངས་རྒྱས་བསྟན་འཛིན་གྱིས་ སླབ་མིའི་ནང་ གྲོགས་རམ་མ་དངུལ་ ཡུ་ཨེསི་ཌོ་ལར་ས་ཡ་༡༠ དེ་ འབྲུག་གསོ་བའི་བློ་གཏད་མ་དངུལ་ལུ་ བྱིན་ནི་དང་ ཌོ་ལར་ས་ཡ་༤ དེ་ གསོ་བའི་བརྡ་དོན་ལམ་ལུགས་བཟོ་ནི་ལུ་ བགོ་བཀྲམ་འབད་འོང་ཟེར་ཨིན་པས།
སངས་རྒྱས་བསྟན་འཛིན་གྱིས་འབད་བ་ཅིན་ མཐའ་ཟུར་གྱི་ ནདཔ་ཚུ་ལུ་ བརྡ་དོན་ཚུ་ཡང་ གཙོ་བསྟེན་སྨན་ཁང་གིས་ ཤེས་ཚུགསཔ་བཟོ་ནིའི་དོན་ལུ་ གློག་རིག་ཐོག་ལས་ ནད་པའི་བརྡ་དོན་ཚུ་ གཞི་བཙུགས་འབད་ནི་ཨིནམ་ད་ ཌོ་ལར་ས་ཡ་༦ གིས་ གསོ་བའི་ཞབས་ཏོག་ཡར་དྲག་གཏང་ནིའི་དོན་ལུ་ གསོ་བའི་མཁོ་ཆས་དབྱེ་ཁག་༡༢ དེ་ཅིག་ མཁོ་སྒྲུབ་འབད་ནི་དང་ རྫོང་ཁག་༨ ནང་ གསོ་བའི་འཕྲོད་བསྟེན་གྱི་ ཞི་ལས་ཚུ་ འབད་འོང་ཟེར་ཨིན་པས།
རྫོང་ཁག་ཚུ་ཡང་ མོང་སྒར་དང་ བཀྲིས་གཡང་རྩེ་ བཀྲིས་སྒང་ པདྨ་དགའ་ཚལ་ བསམ་གྲུབ་ལྗོངས་མཁར་ ཀྲོང་གསར་ གཞལམ་སྒང་ དེ་ལས་ དར་དཀར་ནང་ཚུ་ཨིན་པས།
མཁོ་ཆས་ཚུ་ཡང་ ཐིམ་ཕུག་ལུ་ཡོད་མི་ ཨེ་ཤི་ཡཱན་གོང་འཕེལ་དངུལ་ཁང་གི་ ཡིག་ཚང་ལས་ ཚེ་དབང་ནོར་བུ་གིས་ གསོ་བ་བློན་པོ་ བདེ་ཆེན་དབང་མོ་ལུ་ རྩིས་སྤྲོད་ཕུལ་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

 

About admin

Check Also

ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ …

Leave a Reply

Your email address will not be published. Required fields are marked *