ཨེ་ཤི་ཡན་གོང་འཕེལ་དངུལ་ཁང་གིས་ སྐྱིན་འགྲུལ་དངུལ་ཀྲམ་ཐེར་འབུམ་༣ ཆ་འཇོག།

༉ སྤྱི་ཟླ་༡༠ པའི་ཚེས་༡༨ ལུ་ ཨེ་ཤི་ཡན་གོང་འཕེལ་དངུལ་ཁང་གིས་ འབྲུག་སྔོ་ལྗང་དང་ ཀོ་བིཌ་-༡༩ ལུ་བརྟེན་ དཔལ་འབྱོར་ལུ་ ཐོ་ཕོག་མི་ཚུ་ ལོག་བསྐྱར་གསོ་འབད་ནིའི་དོན་ལུ་ སྲིད་བྱུས་གཞི་བཞག་གི་ སྐྱིན་འགྲུལ་དངུལ་ཀྲམ་ཐེར་འབུམ་༣ ཆ་འཇོག་འབད་ཡོདཔ་ཨིན་པས།

སྐྱིན་འགྲུལ་དེ་ དངུལ་ཁུངས་ཡུན་བརྟན་དང་ དཔལ་འབྱོར་ལོག་ཡར་དྲག་གཏང་ནིའི་ ལས་རིམ་གྱི་ཡན་ལག་ཚུ་ནང་ གཏང་ནི་ཨིནམ་བཞིན་དུ་ ནང་འཁོད་ཐོན་ཁུངས་བགོ་བཀྲམ་ཡར་དྲག་གཏང་ནི་དང་ སྒེར་སྡེ་གོང་འཕེལ་གཏང་ནི་ དམིགས་བསལ་དུ་ ནང་བཟོ་དང་བཟོ་གྲྭ་ཆུང་བ་ཡར་དྲག་གཏང་ནི་ གནམ་གཤིས་འགྱུར་བགྲོད་འབྲེལ་མཐུན་དང་ཐབས་ལམ་ གཞི་བཙུགས་འབད་ནིའི་དོན་ལུ་ སྲིད་བྱུས་ལེགས་སྒྱུར་གྱི་ རྒྱབ་སྐྱོར་ཚུ་འབད་ནི་ཨིན་པས།

ཀོ་བིཌ་-༡༩ དེ་གིས་ འབྲུག་གི་དཔལ་འབྱོར་ལུ་ ཐོ་སྦོམ་སྦེ་ར་ ཕོག་ཡོདཔ་བཞིན་དུ་ ཐོན་ཁུངས་ཡུན་བརྟན་དེ་ དཔལ་འབྱོར་ཡར་དྲག་གཏང་ནི་དང་ སྤྱི་ལོ་༢༠༣༠ ལུ་ འོང་འབབ་ཆེ་བའི་ རྒྱལ་ཁབ་ཅིག་ལུ་ གོང་འཕེལ་གཏང་ནི་ལུ་ གལ་ཆེ་ཟེར་ ཨེ་ཤི་ཡཱན་གོང་འཕེལ་མི་མང་འཛིན་སྐྱོང་དཔལ་འབྱོར་མཁས་མཆོག་ ཅཱན་དཱན་ སབ་ཀོ་ཏ་གིས་ བཤདཔ་ཨིན་པས།

ཁོ་གིས་འབད་བ་ཅིན་ གཞུང་གི་འོང་འབབ་དེ་གིས་ སྔོ་ལྗང་དང་ གདོང་ལེན་ དེ་ལས་ ཡོངས་རྫོགས་སྦེ་ གོང་འཕེལ་གཏང་ནིའི་དོན་ལས་ མ་རྩ་གཞི་བཙུགས་དང་ རྒྱ་སྐྱེད་འབད་ནི་ལུ་ ལྷན་ཐབས་འབད་ཚུགས་ཟེར་ཨིན་པས།

འབྲུག་གི་དཔལ་འབྱོར་ལས་སྣ་བརྒྱ་ཆ་༤༠ དེ་ཅིག་ ཆུར་བརྟེན་གློག་མེ་ལུ་ བརྟེན་སྡོད་དོ་ཡོད་མི་དེ་ གནམ་གཤིས་འགྱུར་བགྲོད་ལུ་བརྟེན་ གནོད་ཉེན་ཆེ་དྲགས་ཅིག་ཨིནམ་ད་ ཨེ་ཤི་ཡཱན་གོང་འཕེལ་དངུལ་ཁང་དང་འཁྲིལཝ་ད་ ལས་རིམ་དེ་གིས་ རྒྱལ་ཡོངས་མཐུན་འབྲེལ་འཆར་གཞི་དང་ གནས་གཤིས་འགྱུར་བགྲོད་གདོང་ལེན་གོང་འཕེལ་ཐབས་བྱུས་ དེ་ལས་ མ་དངུལ་གཏང་ནི་ལུ་ རྒྱབ་སྐྱོར་ཐོག་ལས་ དཔལ་འབྱོར་ལོག་ཡར་དྲག་གཏང་ནི་ལུ་ གཞི་རྟེན་བཟོ་ནི་ལུ་ ལྷན་ཐབས་འབད་ནི་ཨིན་པས།

དེ་མ་ཚད་ ཅ་དམ་བདག་སྐྱོང་དང་ ལྟ་བཤལ་ འོང་འབབ་དུས་ཡུན་བར་མའི་ཐབས་བྱུས་ དེ་ལས་ མི་མང་དངུལ་འབྲེལ་འཛིན་སྐྱོང་ལེགས་བསྒྱུར་བཟོ་ཐོག་ལས་ ནང་འཁོད་ཐོན་ཁུངས་བགོ་བཀྲམ་ སྒྲིང་སྒྲི་བཟོ་ཚུགས་ནི་ཨིན་པས།

རིག་རྩལ་ཅན་གྱི་ལས་མི་ མ་ལང་མི་དང་ གཞུང་དབང་ལས་སྡེ་ཚུ་ལུ་ བློ་གཏད་ དེ་ལས་ དངུལ་འབྲེལ་འཐོབ་ནི་ལུ་ ཚད་ཅིག་ལས་བརྒལ་མེད་མི་ལུ་བརྟེན་ ཚོང་འབྲེལ་གོང་འཕེལ་གཏང་ནི་ལུ་ ཐོགས་ལུས་དོ་ཡོདཔ་ཨིན་པས།

ལས་རིམ་དེ་གིས་ ཆོག་ཐམ་བྱ་རིམ་ལེགས་བསྒྱུར་དང་ ཚོང་འབྲེལ་གཞི་བཙུགས་འབད་ནི་ ནང་བཟོ་དང་བཟོ་གྲྭ་ཆུང་བ་ལུ་ དངུལ་འབྲེལ་སེམས་ཤུགས་མཐུན་རྐྱེན་ ཚོང་ལམ་ནང་ ལག་ལེན་འཐབ་བཏུབ་བཟོ་ནི་གི་ ལག་ཤེས་དང་འཕྲུལ་རིག་སྦྱོང་བརྡར་བཟོ་ནི་ལུ་ རྒྱབ་སྐྱོར་འབད་ནི་ཨིན་པས།

ཨེ་ཤི་ཡཱན་གོང་འཕེལ་དངུལ་ཁང་གིས་ ཧེ་མ་ཡང་ ལས་སྡེ་ཚུ་གི་ལག་ལེན་དང་ ཡར་དྲག་གཏང་ནི་བརྩིས་ཏེ་ སྲིད་བྱུས་དང་ལེན་གྱི་དོན་ལུ་ ཡུ་ཨེསི་ཌོ་ལར་ས་ཡ་༡ བྱིན་ཡོདཔ་མ་ཚད་ སྤྱི་ཟླ་༡༠ པའི་ཚེས་༡༩ ལུ་ དངུལ་ཁང་དེ་གིས་ ཉི་དྲོད་འཕྲུལ་ཁང་བཟོ་ནི་ལུ་ ཡུ་ཨེསི་ཌོ་ལར་ས་ཡ་༡༨.༢༦ བྱིན་ཡོདཔ་ཨིན་པས།

ཡུ་ཨེསི་ཌོ་ལར་ས་ཡ་༡༨.༢༦ ལས་ ས་ཡ་༨.༢༦ དེ་ ཕབ་ཆག་ཅན་གྱི་ སྐྱིན་འགྲུལ་དང་ ཡུ་ཨེསི་ཌོ་ལར་ས་ཡ་༡༠ དེ་ ཡེ་ཤི་ཡཱན་གོང་འཕེལ་དངུལ་ཁང་ལས་ གནང་བྱིན་ཨིནམ་ད་ ལས་འགུལ་ཚུ་ལས་ གཞུང་གིས་ ཡུ་ཨེསི་ཌོ་ལར་ས་ཡ་.༠༩༩ རྒྱབ་སྐྱོར་འབད་ནི་ཨིན་པས།

མེ་ག་ཝཱཊ་༡༧.༣༨ འབད་མི་ ཉི་དྲོད་འཕྲུལ་ཁང་དེ་ ནུབ་ཕྱོགས་དབུས་ཕྱོགས་ནང་ རྐྱབ་ནི་ཨིནམ་ད་ འཕྲུལ་ཁང་དེ་གིས་ ལོ་བསྟར་བཞིན་དུ་ གི་ག་ཝཱཊ་༢༥ དེ་རེ་ ཐོན་སྐྱེད་འབད་ཚུགས་ནི་ཨིནམ་བཞིན་དུ་ དེ་བཟུམ་མའི་འཕྲུལ་ཁང་དེ་ རྒྱལ་ཁབ་ནང་ འགོ་དང་པ་འོང་ནི་ཨིན་པས།

ཚ་དྲོད་ཡར་འཕར་འགྱོ་མི་དེ་གིས་ ཁྱེགས་མར་ཕབ་འགྱོ་ནི་ལུ་ དམིགས་གཏད་བཀོད་དེ་ཡོདཔ་ལས་ འབྲུག་གིས་ ཆུར་བརྟེན་གློག་མེ་ལུ་ བརྟེན་སྡོད་མི་ལམ་ལུགས་དེ་ ཆརཔ་ལུ་བརྟེན་དགོཔ་འབྱུང་ནི་ཨིནམ་བཞིན་དུ་ དེ་གིས་ གནམ་དགུན་ལུ་ འཕྲལ་འཕྲལ་ར་ ཆར་དཀོན་དང་ གནམ་བྱཱར་སྐབས་ ཆུ་རུད་འཐོན་འོང་ཟེར་ ཡེ་ཤི་ཡཱན་གོང་འཕེལ་དངུལ་ཁང་གི་མཁས་མཆོག་ ཀི་རིས་ཊོབ་ མི་ཌཱལ་གྱིས་ བཤདཔ་ཨིན་པས།

ལས་འགུལ་དེ་ ཨེ་ཤི་ཡཱན་གོང་འཕེལ་དངུལ་ཁག་གི་ དམིགས་བསལ་རྒྱབ་སྐྱོར་མ་དངུལ་ལས་ ཡུ་ཨེསི་ཌི་༢༠,༠༠༠ གནས་པའི་ཐབས་རིག་དང་ ཨེ་ཤི་ཡ་ ཨི་-ཀོ་རི་ཡཱན་དང་ ཤེས་ཡོན་མཉམ་འབྲེལ་མ་དངུལ་ ཉམས་འབྲེལ་ཐོག་ ཡུ་ཨིསི་ཌོ་ལར་༤༥༠,༠༠༠ རྒྱབ་སྐྱོར་འབད་ཡོདཔ་ཨིན་པས།

ཐབས་རིག་རྒྱབ་སྐྱོར་དེ་གིས་ འབྲིང་རིམ་སློབ་གྲྭ་གོང་མའི་ ཚན་རིག་དང་ འཕྲུལ་རིག་ བཟོ་རི་ དེ་ལས་ རྩིས་ཆོས་ཚན་གྱིས་མ་ཚད་པར་ བསྟན་རྒྱས་ལྷན་ཁག་འོག་གི་ གློག་མེ་ནུས་ཤུགས་ལས་ཁུངས་ཀྱིས་ གནམ་གཤིས་གདོང་ལེན་ནུས་ཤུགས་ལམ་ལུགས་ཀྱི་ ཤེས་ཡོན་སྦྱང་ནི་ གོ་སྐབས་འཐོབ་ནི་ཨིན་པས།

ལས་རིམ་ལྷབ་སྦྱང་ལུ་བརྟེན་ ཨམ་སྲུ་བརྒྱ་ཆ་༣༠ ལས་༤༠ དེ་ཅིག་ལུ་ ཁེ་ཕན་འབྱུང་ཚུགས་ནི་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

རང་འབྱུང་ལུ་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་ གནང་པའི་བསྒང་ཡོདཔ།

༉ བཀྲིས་སྒང་ རང་འབྱུང་འོད་གསལ་ཆོས་གླིང་དགོན་པ་ལུ་ གདུང་སྲས་ དགའ་རབ་རིན་པོ་ཆེ་མཆོག་གིས་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་གནང་སར་ ཤར་ཕྱོགས་རྫོང་ཁག་དང་ ས་གནས་སོ་སོ་ལས་ དད་ཅན་སྐྱ་སེར་ཕོ་མོ་༡༠,༠༠༠ ལྷགཔ་ཅིག་འཛོམས་ནུག། གསུང་འབུམ་པོ་ཏི་༢༡ འབད་མིའི་ལྗགས་ལུང་དེ་ ཉིན་བསྟར་བཞིན་དུ་ དྲོ་པ་ཆུ་ཚོད་༨ …

Leave a Reply

Your email address will not be published. Required fields are marked *