ཨེ་ཤི་ཡ་ལུང་ཕྱོགས་ནང་ འབྲུག་འདི་ ལཱ་གཡོག་གི་དཀའ་ངལ་ ཚབས་ཆེན་མེད་པའི་གྲངས་སུ་ཚུད་ཡོདཔ།

༉ འབྲུག་འདི་ ཨེ་ཤི་ཡའི་ རྒྱལ་ཁབ་ཚུ་གི་གྲས་ལས་ ལཱ་གཡོག་མེད་པའི་ དཀའ་ངལ་གྱི་ ཚད་གཞི་དེ་ བར་ན་སྐོརམ་ལུ་ གནས་ཡོདཔ་ད་ ལཱ་གཡོག་གི་ དཀའ་ངལ་སྦོམ་ཤོས་ར་ ནེ་པཱལ་གྱི་རྒྱལ་ས་ ཀཱཐ་མཱན་ཌུ་ལུ་ཡོདཔ་ཨིན་པས།

སྤྱི་ལོ་༢༠༡༦ གི་ སྙན་ཞུ་དང་འཁྲིལ་བ་ཅིན་ རྒྱལ་ཁབ་ནང་ ལཱ་གཡོག་མེད་པའི་ཚད་གཞི་ བརྒྱ་ཆ་༢.༥༦ ལུ་ གནས་མི་དེ་ ཁྱིམ་ཚང་རྒྱལ་ཁབ་ རྒྱ་གར་དང་ བང་ལ་དེཤ་ ནེ་པཱལ་ ཤཱྲི་ལངྐ་ དེ་ལས་ པ་ཀིསི་ཊཱན་ཚུ་དང་ཕྱདཔ་ དམའ་ཤོས་ཅིག་ཨིན་པས།

ལཱ་གཡོག་མ་ཐོབ་པའི་ ཚད་གཞི་དེ་ མཐོ་ཤོས་ར་ ཀཱཐ་མཱན་ཌུ་ཁྲོམ་ནང་ བརྒྱ་ཆ་༨.༣༤ ལུ་ གནས་ཏེ་ཡོདཔ་ད་ དེ་གི་ཤུལ་ལས་ར་ བུ་རུ་ནའེ་རྒྱལ་ཁབ་ལུ་ བརྒྱ་ཆ་༦.༧༤ དང་ བང་ལ་དེཤ་གི་རྒྱལ་ས་ ཌ་ཀ་ལུ་ བརྒྱ་ཆ་༤.༨༡ རྒྱ་གར་ལྡི་ལི་ལུ་ བརྒྱ་ཆ་༤.༣༨ དེ་ལས་ ཤཱྲི་ལངྐ་ལུ་ བརྒྱ་ཆ་༤.༡༤ ཡོདཔ་ཨིན་པས།

ལཱ་གཡོག་མེད་པའི་ དཀའ་ངལ་གྱི་ ཚད་གཞི་ཉུང་ཤོས་དེ་ར་ ཀེམ་བོ་ཌི་ཡ་ལུ་ བརྒྱ་ཆ་༡ ལས་བརྒལ་མེདཔ་ད་ དེའི་ཤུལ་ལས་ར་ བེང་ཀོག་ལུ་ བརྒྱ་ཆ་༡.༡༢ དང་ རྒྱ་ནག་གི་རྒྱལ་ས་ བེ་ཇིང་དང་ སིངྒ་པུར་ ཧོང་ཀོང་ དེ་ལས་ མ་ལ་ཤི་ཡ་ལ་སོགས་པའི་ རྒྱལ་ཁབ་ཚུ་ཨིན་པས།

དེ་གི་སྐོར་ལས་ ཨེ་ཤི་ཡ་ལུང་ཕྱོགས་ཀྱི་ དཔལ་འབྱོར་ལས་ཚོགས་ཀྱིས་ ཞིབ་འཚོལ་འབད་མི་ སྙན་ཞུ་ནང་ འཁོད་དེ་ཡོདཔ་བཞིན་དུ་ ལཱ་གཡོག་མ་ཐོབ་པའི་ ཚད་གཞི་མཐོ་ཤོས་ཡོད་མིའི་ རྒྱུ་རྐྱེན་ངོ་མ་ར་ སྲིད་དོན་སྒྲིང་སྒྲི་མེད་ནི་དེ་གིས་ཨིནམ་སྦེ་བཀོད་ནུག།

དཔེ་འབད་བ་ཅིན་ ནེ་པཱལ་རྒྱལ་ཁབ་ལུ་ སྲིད་དོན་སྒྲིང་སྒྲི་མེདཔ་ལས་ འཕྲལ་འཕྲལ་ར་ གཞུང་སོར་བཏང་པའི་སྐབས་ དེ་གིས་ དཔལ་འབྱོར་ལུ་ ཤུགས་སྦེ་ར་ ཐོ་ཕོག་ནི་དེ་གིས་ ལཱ་གཡོག་མ་ཐོབ་པའི་ དཀའ་ངལ་སྦོམ་སྦེ་ར་ ཐོནམ་མས་ཟེར་ཨིནམ་ད་ དེ་བཟུམ་གྱི་ དཀའ་ངལ་དེ་ ཕི་ལི་པིནསི་དང་ ཨིན་ཌོ་ནེ་ཤི་ཡ་རྒྱལ་ཁབ་ཚུ་ནང་ ཐོན་མི་དེ་ཡང་ ནང་འཁྲུག་གི་ བྱ་སྟབས་མ་བདེཝ་ཐོན་ནི་དེ་གིས་ཨིན་པས།

འབྲུག་ལུ་འབད་བ་ཅིན་ ལཱ་གཡོག་མ་ཐོབ་པའི་ དཀའ་ངལ་དེ་ མང་ཤོས་ཅིག་ ན་གཞོན་ཚུ་གི་ གནས་རིམ་ནང་ཡོདཔ་ད་ དེ་ཡང་ ད་རེས་ནངས་པར་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་ མང་ཤོས་ར་ ལཱ་གཡོག་མ་ཐོབ་པར་ དེ་སྦེ་ར་ སྡོད་དོ་ཡོདཔ་ཨིན་པས།

ཨིན་རུང་ གཞུང་གིས་ ཕྱི་རྒྱལ་ལཱ་གཡོག་ལས་རིམ་ཐོག་ལས་ ན་གཞོན་ཚུ་ལུ་ ཕྱིའི་རྒྱལ་ཁབ་ནང་ ལཱ་གཡོག་འཚོལ་བྱིན་མི་དེ་གིས་ ཕན་ཐོགས་དུམ་གྲ་རེ་བྱུང་ཡོདཔ་ཨིན་རུང་ དཀའ་ངལ་ལུ་ གདོང་ལེན་འབད་དགོ་པ་ཅིན་ གཞུང་གིས་ སྲིད་བྱུས་དང་ལམ་ལུགས་ཚུ་ ལེགས་ཤོམ་བཟོ་དགོ་ཟེར་ དཔལ་འབྱོར་མཁས་མཆོག་ ཀརྨ་འབྲུག་པ་གིས་ བཤདཔ་ཨིན་པས།

སྒེར་གྱི་གྲོས་སྟོན་པ་སྦེ་ ལཱ་འབད་མི་ དཔལ་འབྱོར་མཁས་མཆོག་ ཀརྨ་འབྲུག་པ་གིས་འབད་བ་ཅིན་ ཕུགས་ཀྱི་དོན་ལུ་ རྒྱལ་ཁབ་ནང་ ལཱ་གཡོག་གི་ དཀའ་ངལ་ལུ་ ལེགས་ཤོམ་སྦེ་ གདོང་ལེན་འབད་དགོ་པ་ཅིན་ ན་གཞོན་ཚུ་ ཕྱི་ཁར་གཏང་ནི་མེན་པར་ རྒྱལ་ཁབ་ནང་ དཔལ་འབྱོར་གྱི་ ལས་སྣ་ག་དེ་དྲག་དྲག་ བཟོ་ཐོག་ལས་ རྒྱལ་ཁབ་ནང་ར་ བཞག་ནི་གི་ ཐབས་ཤེས་བཏོན་དགོ་ཟེར་ཨིན་པས།

ལཱ་གཡོག་མ་ཐོབ་པའི་ དཀའ་ངལ་གྱི་ ཞིབ་འཚོལ་དེ་ རྒྱལ་ཁབ་༢༥ ལྷགཔ་ཅིག་ནང་ འབད་ཡོདཔ་ད་ སྙན་ཞུའི་ནང་ ཚད་གཞི་དེ་ ལོ་བསྟར་བཞིན་དུ་ ཡར་སེང་འགྱོ་ནི་བཟུམ་ཅིག་ཡོད་པའི་ཁར་ ལཱ་གཡོག་ལུ་ ཐོ་ཕོག་མི་ རྒྱུ་རྐྱེན་གཞན་ཡང་ མི་སྡེའི་ནང་ བྱ་སྟབས་མ་བདེཝ་ ཐོན་མི་ལུ་བརྟེན་ཨིན་མས་ཟེར་བཀོད་ནུག།

རྒྱུ་རྐྱེན་གཞན་དེ་ སྨྱོ་རྫས་ལག་ལེན་འཐབ་མི་དང་ མི་ཚུ་གི་བར་ན་ མཐུན་ལམ་ལེགས་ཤོམ་མེད་མི་ བཙག་འཐུ་དེ་ རང་མོས་དང་ རྣམ་དག་གི་ཐོག་ལས་ འགོ་འདྲེན་འཐབ་མ་ཚུགས་མི་ དེ་ལས་ ངན་ལྷད་ཀྱི་ དཀའ་ངལ་ཡོད་མི་ཚུ་ལུ་བརྟེན་ཨིན་པའི་ ངོས་འཛིན་འབད་ཡོད་པའི་གནས་ཚུལ།

བསྟན་འཛིན་རྣམ་རྒྱལ།

About admin

Check Also

ཕུན་ཚོགས་གླིང་ལུ་ མི་མང་བརྟག་དཔྱད་ཐེངས་༣ པ་འབད་བའི་བསྒང་ཡོདཔ།

༉ ད་རེས་ནངས་པར་ ཕུན་ཚོགས་གླིང་ལུ་ ནད་ཡམས་ཀོ་བིཌ་-༡༩ ཐོབ་མི་ཡོད་མེད་ཀྱི་ མི་མང་བརྟག་དཔྱད་ཐེངས་༣ པ་དེ་ འགོ་བཙུགས་ཏེ་ཡོདཔ་བཞིན་དུ་ སྤྱི་ཟླ་༦ པའི་ཚེས་༡༠ ལས་ དཔག་བསམ་ཁ་དང་ ཨ་ལེ་-པད་དཀར་ཞིང་ཚུད་མི་ རྒྱ་ཁྱབ་ས་ཁོངས་༣ པ་ལས་ …

Leave a Reply

Your email address will not be published. Required fields are marked *