ཨེ་མ་བཙུགས་མི་ཚུ་གིས་ འོང་འབབ་བཟོ་དོ་ཡོདཔ།

༉ རྩི་རང་གསེར་གྱི་ཐང་རྒེད་འོག་གི་ སོ་ནམ་པ་ཚུ་གིས་ ཨེ་མ་འགོ་དང་པ་ ཐོན་སྐྱེད་འབད་དེ་ བདུན་ཕྲག་གསུམ་དེ་ཅིག་ནང་ ཀེ་ཇི་༤,༥༠༠ དེ་ཅིག་ བཙོང་ཡོདཔ་ཨིན་པས།

དེ་ཡང་ ཨེ་མ་ཧོནམོ་ཀེ་ཇི་རེ་ལུ་ དངུལ་ཀྲམ་༤༥༠ རེ་སྦེ་ བཙོང་ཐོག་ལས་ དངུལ་ཀྲམ་ས་ཡ་༢ དེ་ཅིག་ འོང་འབབ་བཟོ་ཚུགས་ནུག།

ཚོད་བསྲེ་བཀྲམ་སྤེལ་འབད་མི་དང་ བཙོང་མི་ཚུ་གིས་ རྒེད་འོག་དེ་གི་ གཡུས་ཚན་ཚུ་ནང་ ཨེ་མ་ཧོནམོ་ཉོ་ནིའི་དོན་ལུ་ ཉིན་བསྟར་བཞིན་དུ་ འོང་དོ་ཡོདཔ་ལས་ སོ་ནམ་པ་ཚུ་གིས་ དུས་ཚོད་དེམ་ཅིག་ཁར་ འོང་འབབ་ལེགས་ཤོམ་ བཟོ་ཚུགས་དོ་ཡོདཔ་ཨིན་པས།

རྒེད་འོག་དེ་གིས་ ད་རེས་འབདཝ་ད་ ཨེ་མ་ཧ་སག་སྦེ་ ཐོན་སྐྱེད་འབད་དེ་ ལོ་གཉིས་ལང་དོ་ཡོདཔ་ད་ སོ་ནམ་པ་༦༠ དེ་ཅིག་གིས་ ཨེ་ཀར་༡༥ ལྷགཔ་ཅིག་ནང་ འཛུགས་སྐྱོང་འབད་དེ་ཡོདཔ་ཨིན་པས།

ན་ཧིང་དང་ཕྱདཔ་ད་ དུས་ཅི་ སོ་ནམ་པ་ཚུ་གིས་ བདུན་ཕྲག་གཉིས་ཀྱི་ཧེ་མར་ ཐོན་སྐྱེད་འབད་ཚུགས་ཡོདཔ་ད་ ན་ཧིང་འབད་བ་ཅིན་ འགོ་དང་པ་ར་ བཀྲིས་གཡང་རྩེ་ལས་ཐོན་མི་ ཨེ་མ་ཚུ་ ཁྲོམ་ཁར་ལྷོད་ཡོདཔ་ཨིན་པས།

གསེར་གྱི་ཐང་སྨད་ལས་ ནཱར་མ་ཡ་ སཱན་ཡ་སི་གིས་ སླབ་མིའི་ནང་ མོ་གི་ ཨེ་ཀར་ཅིག་ནང་ བཙུགས་མི་ལས་ ཀེ་ཇི་༡༩༠ དེ་ཅིག་ ཐོན་སྐྱེད་འབད་དེ་ ཀེ་ཇི་རེ་ལུ་ དངུལ་ཀྲམ་༣༥༠ རེ་སྦེ་ བཙོང་ཡི་ཟེར་ཨིནམ་ད་ སོ་ནམ་པ་གཞན་ཚུ་གིས་ དངུལ་ཀྲམ་༤༥༠ དང་༥༠༠ གི་བར་ན་སྦེ་ བཙོང་ནི་འདུག་ཟེར་ཨིན་པས།

སོ་ནམ་ལས་ཁུངས་ཀྱིས་ འཛུགས་སྐྱོང་འབད་ནི་གི་ སེམས་ཤུགས་བསྐྱེད་མི་དེ་གིས་ དུས་ཅི་ འཛུགས་སྐྱོང་ལོག་ལྟབ་འབད་ཡི་ཟེར་ མོ་གིས་ བཤད་ཡོདཔ་ད་ཐོན་སྐྱེད་ཡང་ ལེགས་ཤོམ་འོང་ནི་གི་ རེ་བ་ཡོད་པའི་ཁར་ བཙོང་མ་ཚུགས་པའི་ ཚ་གྱང་ཡང་ མེད་ཟེར་ བཤདཔ་ཨིན་པས།

མོ་གིས་ ན་ཧིང་ ཨེ་མ་བཙོང་སྟེ་ དངུལ་ཀྲམ་ས་ཡ་༠.༤ དེ་ཅིག་ འོང་འབབ་བཟོ་ཡོདཔ་ད་ ད་རེས་ རྫོང་ཁག་གཞན་ཁར་ལས་ ཚོད་བསྲེའི་ཚོང་རྐྱབ་མི་ཚུ་གིས་ ཨེ་མ་ཉོ་ནིའི་དོན་ལུ་ བདུན་ཕྲག་རེ་ནང་ མི་༥ དེ་རེ་ འོང་ནི་འདུག་ཟེར་ བཤདཔ་ཨིན་པས།

སོ་ནམ་པ་ཚུ་ལུ་ སྤྱིར་བཏང་མི་ཚུ་གིས་ ཉོ་ཚུགས་ནི་དོན་ལུ་ གོང་ཚད་རན་ཏོག་ཏོ་སྦེ་བཙོང་དགོཔ་སྦེ་ སླབ་སྟེ་ཡོད་རུང་ ཚོང་བསྲེ་ཚོང་རྐྱབ་མི་ཚུ་གིས་ གོང་ཚད་མཐོ་སུ་སྦེ་ སྤྲོད་དེ་ ཉོ་འབག་ནི་འདུག་ཟེར་ཨིན་པས།

བཀྲིས་ཐང་སྤྱི་འོག་ལས་ བིམ་སུ་བྷ་གིས་ སླབ་མིའི་ནང་ ཁོང་ལུ་དགོཔ་ གོང་ཚད་ཨིནམ་ལས་ ཁོང་གིས་བྱིན་མི་དེ་ ལེན་དོ་ཟེར་ཨིན་པས།

ཁོ་གིས་ ཨེ་མ་ འགོ་དང་པ་ བཙུགས་ཡོདཔ་ལས་ གོང་ཚད་དངུལ་ཀྲམ་༣༥༠ རེ་སྦེ་ ཀེ་ཇི་༡༠༠ དེ་ཅིག་ བཙོང་ཡོདཔ་ད་ བིམ་སུ་བྷ་གིས་ ན་ཧིང་ ལོག་སྟེ་གཡུས་ཁར་སོང་ཞིནམ་ལས་ ཨེ་མ་བཙུགས་ནི་ལུ་ སྤྲོ་བ་ལེན་ཡོདཔ་ཨིན་པས།

དགའ་རབ་རྡོ་རྗེ་གིས་ ཚོང་བསྲེའི་ལཱ་ཡང་ འབད་བའི་ཁར་ བཙོང་མི་ཡང་ཨིནམ་ད་ ཁོ་གིས་ ད་ཚུན་ སྤུ་ན་ཁ་དང་ དབང་འདུས་ལུ་ ཨེ་མ་ཀེ་ཇི་༦༠༠ དེ་ཅིག་ བཀྲམ་སྤེལ་འབད་ཡི་ཟེར་ཨིན་པས།

མི་ཚུ་གིས་ ཉོ་ཚུགས་ནིའི་དོན་ལུ་ ཁོ་གིས་ ཀེ་ཇི་རེ་ལུ་ ཨེ་མ་དངུལ་ཀྲམ་༥༥༠ རེ་སྦེ་ བཙོང་ཡོདཔ་ད་ སོ་ནམ་པ་ཚུ་ལས་ཉོཝ་ད་ ཁོ་གིས་ ཀེ་ཇི་རེ་ལུ་ དངུལ་ཀྲམ་༥༠༠ རེ་ སྤྲོད་ཅི་ཟེར་ བཤདཔ་ཨིན་པས།

ན་ཧིང་ ཨེ་མ་ཀེ་ཇི་རེ་ལུ་ མཐོ་ཤོས་དངུལ་ཀྲམ་༤༥༠ སྦེ་ བཞག་ཡོདཔ་ད་ རྒེད་འོག་སོ་ནམ་རྒྱ་སྐྱེད་འགོ་དཔོན་ ཌི་བི་ ག་ལས་ཀྱིས་ སླབ་མིའི་ནང་ མཁོ་འདོད་འབད་མི་ མང་དྲགསཔ་ལས་ གོང་ཚད་ཚད་འཛིན་འབད་ནི་དེ་ ལཱ་ཁག་འདུག་ཟེར་ཨིན་པས།

ཨེ་མ་བཙུགས་མིའི་གྱངས་ཁ་ ལེ་ཤ་ཡོདཔ་ལས་ བདག་སྐྱོང་དང་འབྲེལ་བའི་ ལཱ་གཞན་ཡང་ འབད་དགོཔ་ཡོད་མི་ལུ་བརྟེན་ ཉིན་བསྟར་བཞིན་དུ་ ལྟ་རྟོག་འབད་ནི་དེ་ ལཱ་ཁག་འདུག་ཟེར་ ཁོ་གིས་བ ཤདཔ་ཨིན་པས།

རྒེད་འོག་དེ་ནང་ལས་ ད་ལྟོའི་དུས་ཚོད་ནང་ ཨེ་མ་མེ་ཊིག་ཊཱན་༨.༥ དེ་ཅིག་ ཐོན་སྐྱེད་འབད་ནིའི་ རེ་བ་ཡོདཔ་ད་ རྩི་རང་ལས་ཐོན་མི་ ཨེ་མ་སྦོམ་ཚུ་ ཐིམ་ཕུག་ལུ་ལྷོདཔ་ད་ ཀེ་ཇི་རེ་ལུ་ དངུལ་ཀྲམ་༧༠༠ རེ་ གནས་དོ་ཡོད་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

ལྕང་རྒེད་འོག་ནང་ མཇུག་བསྡུ་ནི་མེད་པའི་ སའི་རྩོད་རྙོགས་ཐོན་བཞིན་དུ་ཡོདཔ།

༉ ཧེ་མའི་འབྱ་ཞིང་ཚུ་ གནས་གོང་ཅན་གྱི་ རྒྱུ་དངོས་ཅིག་ལུ་ གྱུར་ཡོད་མི་ ཐིམ་ཕུག་ལྕང་རྒེད་འོག་ནང་ ས་ཆ་དང་འབྲེལ་བའི་ རྩོད་རྙོགས་སྐོར་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ལོ་བསྟར་སྙན་ཞུ་ནང་ གསལ་བཀོད་འབད་མི་དེ་གིས་ རྩོད་གཞི་ལེ་ཤ་ཡོད་པའི་ བརྡ་མཚོན་སྟོནམ་ཨིན་པས། དེ་ཡང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ …

Leave a Reply

Your email address will not be published. Required fields are marked *