ཨེ་པཱལ་ཤིང་ཚུ་ལུ་ རྡོག་མ་བཏགས་མ་བཏུབ་པར་ ལོ་༥ ལང་ཡོདཔ།

༉ ཐིམ་ཕུག་ཀ་ཝང་རྒེད་འོག་དེ་ རྒྱལ་ས་ལྟེ་བའི་ ཁྲོམ་ཉེ་འདབས་ལུ་ ཆགས་ཡོདཔ་ལས་ གཡུས་ཁའི་སོ་ནམ་པ་ཚུ་གིས་ དུས་ཐུང་ཚོད་བསྲེའི་ལཱ་མ་གཏོགས་ དངུལ་ཐོག་ལུ་ བརྩོན་ཤུགས་རྒྱ་ཆེཝ་སྦེ་ བསྐྱེད་ནི་མེདཔ་ཨིན་པས།

རྒེད་འོག་ནང་ ཁྱིམ་གུང་༤༠༠ ལྷགཔ་ཅིག་ཡོད་རུང་ དངུལ་ཐོག་ཨེ་པཱལ་ཤིང་ འཛུགས་སྐྱོང་འབད་མི་ གྱངས་ཁ་ཆོདཔ་ཅིག་ལས་བརྒལ་མེདཔ་ཨིན་པས།

ཨེ་པཱལ་འཛུགས་སྐྱོང་འབད་མི་ཚུ་གི་གྲས་ལས་ ཕྱག་མདའ་སྒང་གཡུས་ཚན་ནང་ སོ་ནམ་པ་ཅིག་ལུ་ ཨེ་པཱལ་ལྡུམ་ར་ཨེ་ཀར་༥ དེ་ཅིག་ཡོད་མི་ལས་ ལོ་བསྟར་བཞིན་དུ་ དངུལ་ཀྲམ་༡༠༠,༠༠༠ རེ་ འོང་འབབ་བཟོ་ཚུགསཔ་ཨིན་རུང་ འདས་པའི་ལོ་༥ ལས་ཚུར་ ཨེ་པཱལ་རྡོག་མ་བཏགས་མ་བཏུབ་པར་ ཨེ་ཀར་༤ དེ་ཅིག་གི་ ཨེ་པཱལ་ཤིང་ཚུ་ བརྡབས་བཏང་ནུག།

གནས་སྐབས་ཅིག་གི་དོན་ལུ་ ལཱ་འབད་མི་ སྐལ་བཟང་ཟླ་བ་གིས་ སླབ་མིའི་ནང་ རྡོག་མ་མ་བཏགས་མི་དེ་ ཨེ་པཱལ་ཤིང་མང་ཤོས་ར་ རྒས་ཡོདཔ་མ་ཚད་ ད་ལྟོ་ ཨེ་པཱལ་༡༠༠ ལྷགཔ་ཅིག་ཡོད་མི་ཚུ་ཡང་ ཤིང་གི་པགས་ཀོ་ལུ་ ཚོས་གཞི་དཀར་གནག་འབད་མི་ རྩྭ་སྐྱེས་ནི་དེ་གིས་ཨིནམ་ད་ སོ་ནམ་རྒྱ་སྐྱེད་འགོ་དཔོན་ཚུ་གིས་ བསླབ་སྟོན་དང་འཁྲིལ་ ཤིང་གི་ཞལ་ལག་ཚུ་བཏོག་རུང་ ཁུངས་མིན་འདུག་ཟེར་ཨིན་པས།

དཀར་སྦིས་ས་ལས་ སྐྱེས་ལོ་༧༠ ལང་མི་ སྐལ་བཟང་དབངམོ་གིས་ སླབ་མིའི་ནང་ མོ་རའི་ཁྱིམ་གྱི་ སྦོ་ལོགས་ཁར་ ཨེ་པཱལ་ཤིང་༡༠ ལྷགཔ་ཅིག་ཡོད་མི་ལས་ འོང་འབབ་དངུལ་ཀྲམ་༡༠,༠༠༠ རེ་ འཐོབ་ནི་ཡོད་རུང་ རྡོག་མ་བཏགས་མ་བཏུབ་པར་ ལོ་༡༠ དེ་ཅིག་ ཡར་སོ་ཡི་ཟེར་ཨིན་པས།

ད་རེས་ ཨེ་པཱལ་ཤིང་ཚུ་ ལོ་༥༠ ལྷག་ཡོདཔ་ལས་ རྡོག་མ་བཏགས་མ་བཏུབ་མི་དེ་ ལོ་རྒས་མི་དང་ གནམ་གཤིས་འགྱུར་བགྲོད་ལུ་བརྟེན་ འོང་ནི་ཨིན་པའི་ དོགས་པ་ཡོད་ཟེར་ མོ་གིས་ བཤདཔ་ཨིན་པས།

དཀར་སྦིས་ས་དེ་ ཐིམ་ཁྲོམ་གྱི་ སྦོ་ལོགས་ཁར་ ཆགས་ཡོདཔ་ལས་ གཡུས་མི་ཚུ་གིས་ ཕ་ཞིང་ཚུ་ བཙོང་མི་དང་ གྲོང་གསེབ་གོང་འཕེལ་གཏང་ནིའི་ འཆར་གཞི་ཡོད་མི་ལུ་བརྟེན་ ཧེ་མ་བཟུམ་སྦེ་ ཨེ་པཱལ་འཛུགས་སྐྱོང་མི་འབད་བས་ཟེར་ བཤདཔ་ཨིན་པས།

ཀ་ཝང་རྒཔོ་ཚེ་བརྟན་དབང་ཕྱུག་གིས་ རྒེད་འོག་ནང་ ཨེ་པཱལ་ཤིང་འཛུགས་སྐྱོང་འབད་མི་ ལེ་ཤ་ཅིག་ར་ མར་བབས་སོང་ཡི་ཟེར་ བཤདཔ་མ་ཚད་ ད་རེས་ ཨེ་པཱལ་ཤིང་དུམ་གྲ་རེ་ཡོད་མི་ ཁྱིམ་གུང་པ་༣༠ དང་༤༠ མ་གཏོགས་ གཞན་ཚུ་གིས་ ཚོད་བསྲེའི་ལཱ་ལུ་ གཙོ་བཏོན་ཏེ་ཡོད་ཟེར་ བཤདཔ་ཨིན་པས།

ཀ་ཝང་རྒེད་འོག་ནང་ ཐོ་བཀོད་འབད་མི་ ཁྱིམ་གུང་༤༠༠ ལྷགཔ་ཅིག་ཡོད་རུང་ སྐལ་བ་བགོ་བཤའ་རྐྱབ་མི་དང་ ས་ཞིང་བཙོང་མི་ སྦ་སྒོར་ཚུ་བརྩིས་བ་ཅིན་ གུང་པ་༧༠༠ དང་༨༠༠ དེ་ཅིག་ འཐོན་འོང་ཟེར་ རྒཔོ་གིས་ བཤདཔ་ཨིན་པས།

རྒཔོ་གིས་འབད་བ་ཅིན་ སོ་ནམ་གྱི་ལཱ་ལུ་ ཤུགས་བཏོན་ཐབས་ལུ་ དུས་ཅི་ མི་དབང་རྒྱལ་པོའི་སྲསམོ་ཅིག་གིས་ གུང་པ་རེ་ལུ་ ཤིང་འབྲས་ཨེ་པཱལ་དང་ ཁམ་ཤིང་ སྟར་ཀོ་ཤིང་ཚུ་ གནང་ཡོདཔ་བཞིན་དུ་ སང་ཕོད་ཡང་ ཤིང་གི་ལྕངམ་འཕྲོ་མཐུད་གནང་ནི་ཨིནམ་ལས་ ཤིང་ཐོག་འཛུགས་སྐྱོང་ལུ་ ལྷན་ཐབས་བྱུང་སྟེ་ཡོད་ཟེར་ཨིན་པས།

རྒེད་འོག་སོ་ནམ་རྒྱ་སྐྱེད་འགོ་དཔོན་ དངོས་གྲུབ་བཟང་མོ་གིས་ སླབ་མིའི་ནང་ ཨེ་པཱལ་ཤིང་གི་ ཞལ་ལག་བཏོག་ནི་དང་ རག་རོ་སེལ་ནི་ མཐའ་འཁོར་སེལ་ནི་ སྨན་གཏོར་ནིའི་ སྦྱོང་བརྡར་ཚུ་ བྱིན་ཡོདཔ་ཨིན་རུང་ དུས་ཐོག་གི་ འོང་འབབ་ལུ་བལྟ་སྟེ་ སོ་ནམ་པ་ཚུ་གིས་ བརྩོན་ཤུགས་བསྐྱེད་མི་བཏུབ་པས་ཟེར་ཨིན་པས།

ཨིན་རུང་ ཚོད་བསྲེ་འཛུགས་སྐྱོང་འབད་ནི་ལུ་ གཙོ་བོར་བཏོནམ་མ་ཚད་ སོ་ནམ་གྱི་ ཁ་ཐུག་ལས་འབད་རུང་ རང་སོའི་ཁྱིམ་སྒོ་ཁར་དང་ ས་ཞིང་སྟོངམ་ཚུ་ནང་ ཚོད་བསྲེ་ལྡུམ་ར་བཟོ་ནི་ལུ་ གྲོགས་རམ་འབད་དེ་ཡོད་ཟེར་ཨིན་པས།

མོ་གིས་ སླབ་མིའི་ནང་ མི་སེར་ཚུ་གི་ མནོ་ལུགས་དེ་ར་ བསྒྱུར་བཅོས་སོང་ཡོདཔ་ལས་ ཁྲོམ་ཚོགས་གོང་འཕེལ་དང་ ཁེ་སང་ཆེ་མི་དེ་ ཧེ་མ་ཆུ་ཞིང་དང་ ཨེ་པཱལ་ཞིང་ཡོད་རུང་ སྐམ་ཞིང་ལུ་ བསྒྱུར་བཅོས་འབད་དེ་ ས་ཆ་བཙོང་ནུག་ཟེར་ཨིན་པས།

རྒཔོ་གིས་འབད་བ་ཅིན་ དུས་ཅི་ལས་ ཆུ་ཞིང་དང་ ས་ཞིང་སྟོངམ་བཞག་ནི་མི་འོང་ཟེར་ མི་སེར་ཚུ་ལུ་ གོ་བརྡ་སྤྲོད་ཡོདཔ་བཞིན་དུ་ བརྒྱ་ཆ་༨༠ ལྷགཔ་ཅིག་གིས་ ས་ཞིང་སྤྱོད་དེ་ཡོད་ཟེར་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

About admin

Check Also

ལྕང་རྒེད་འོག་ནང་ མཇུག་བསྡུ་ནི་མེད་པའི་ སའི་རྩོད་རྙོགས་ཐོན་བཞིན་དུ་ཡོདཔ།

༉ ཧེ་མའི་འབྱ་ཞིང་ཚུ་ གནས་གོང་ཅན་གྱི་ རྒྱུ་དངོས་ཅིག་ལུ་ གྱུར་ཡོད་མི་ ཐིམ་ཕུག་ལྕང་རྒེད་འོག་ནང་ ས་ཆ་དང་འབྲེལ་བའི་ རྩོད་རྙོགས་སྐོར་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ལོ་བསྟར་སྙན་ཞུ་ནང་ གསལ་བཀོད་འབད་མི་དེ་གིས་ རྩོད་གཞི་ལེ་ཤ་ཡོད་པའི་ བརྡ་མཚོན་སྟོནམ་ཨིན་པས། དེ་ཡང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ …

Leave a Reply

Your email address will not be published. Required fields are marked *