ཨེ་པཱལ་ཕྱིར་ཚོང་འཐབ་མ་ཚུགས་པའི་སྐབས་ འབྲུག་སོ་ནམ་ཐོན་སྐྱེད་བཟོ་གྲྭ་འཕྲུལ་ཁང་གིས་ རྒྱབ་སྐྱོར་འབད་ཡོདཔ།

༉ ནད་ཡམས་ལུ་བརྟེན་ སྤ་རོ་དང་ ཐིམ་ཕུག་ དེ་ལས་ ཧཱ་གི་སོ་ནམ་པ་ཚུ་གིས་ ཨེ་པཱལ་ཆུང་ཀུའི་རིགས་ཚུ་ ཕྱིར་ཚོང་འཐབ་མ་ཚུགས་པའི་གནས་སྟངས་ནང་ འབྲུག་སོ་ནམ་ཐོན་སྐྱེད་བཟོ་གྲྭ་འཕྲུལ་ཁང་གིས་ རྒྱབ་སྐྱོར་འབད་ཡོདཔ་ཨིན་པས།

དེ་ཡང་ བཟོ་གྲྭ་འཕྲུལ་ཁང་དེ་གིས་ དུས་ཅི་ ཨེ་པཱལ་མེ་ཊིག་ཊཱོན་༥༡༩ དེ་ཅིག་ ཉོ་ནིའི་འཆར་གཞི་ཡོདཔ་བཞིན་དུ་ ཁ་ཙ་ མེ་ཊིག་ཊཱོན་༤༣༢ ཉོ་ཡོད་པའི་ཁར་ ད་རུང་ སོ་ནམ་པ་ལེ་ཤ་གིས་ འབག་འོང་ནིའི་རེ་བ་ཡོདཔ་ལས་ མེ་ཊིག་ཊཱོན་༧༠༠ དེ་ཅིག་ ཉོ་དགོཔ་འཐོན་ནི་ཨིན་པས།

སོ་ནམ་པའི་རྒྱབ་སྐྱོར་ལས་ཁུངས་ཀྱི་ ཡོངས་ཁྱབ་འཛིན་སྐྱོང་པ་ སྐལ་བཟང་ཚེ་རིང་གིས་ སླབ་མིའི་ནང་ ན་ཧིང་གི་ལོ་ནང་ ཨེ་པཱལ་མེ་ཊིག་ཊཱོན་༨༠༠ ཉོ་ནིའི་ དམིགས་གཏད་བསྐྱེད་རུང་ ཐོན་སྐྱེད་ལེགས་ཤོམ་མེདཔ་ལས་ མེ་ཊིག་ཊཱོན་༢༠༥ ལས་བརྒལ་ ཉོ་མ་ཚུགས་ཟེར་ཨིནམ་ད་ དུས་ཅི་ དམིགས་གཏད་ལས་ལྷགཔ་སྦེ་ ཉོ་དགོཔ་བཟུམ་ཅིག་ འདུག་ཟེར་ཨིན་པས།

ཁོ་གིས་སླབ་མིའི་ནང་ འཕྲུལ་ཁང་གིས མི་སྡེ་ལུ་ ཞབས་ཏོག་ཞུ་ནིའི་ འགན་ཁུར་ཡོདཔ་ལས་ དམིགས་གཏད་ལས་ལྷག་པའི་ ཐོན་སྐྱེད་འབག་འོང་མི་ཡོད་རུང་ ཉོ་ནིའི་འཆར་གཞི་ཡོད་ཟེར་ཨིན་པས།

ན་ཧིང་གི་ལོ་ནང་ ཨེ་པཱལ་གྱི་ཁུ་བ་བཙོང་ནི་ལུ་ དཀའ་ངལ་མ་བྱུངམ་ལས་ ནང་འཁོད་ལུ་ ལང་མ་ཚུགས་པར་ རྒྱ་གར་ལས་ཡང་ ནང་འདྲེན་འབད་དེ་ བཙོང་ཡི་ཟེར་ཨིནམ་ད་ དུས་ཅི་ ནང་འདྲེན་འབད་མ་དགོཔ་བཟུམ་ཅིག་ ཡོད་ཟེར་ཨིན་པས།

སྐལ་བཟང་ཚེ་རིང་གིས་འབད་བ་ཅིན་ སོ་ནམ་པ་ཚུ་གིས་ ཕྱིར་ཚོང་འཐབ་པའི་སྐབས་ སྦོམ་ཆུང་དང་སྤུས་ཚད་ཚུ་ ལྟ་དོ་ཡོད་རུང་ འཕྲུལ་ཁང་གིས་ ཁུ་བ་བཟོ་ནིའི་དོན་ལུ་ དེ་ཚུ་ག་ནི་ཡང་ བལྟ་ནི་མེདཔ་ལས་ སོ་ནམ་པ་ཚུ་ལུ་ ཚོང་འབྲེལ་གྱི་ ཕན་ཐོགས་ཡོད་ཟེར་ཨིན་པས།

ད་ལྟོའི་གནས་སྟངས་ནང་ འཕྲུལ་ཁང་གི་ གདོང་ཁ་ལས་ཕར་ ཉིན་བསྟར་བཞིན་དུ་ སྣུམ་འཁོར་༢༠ དེ་ཅིག་ གྱལ་རིམ་ནང་ འོང་སྟེ་ སྒུག་སྡོད་དོ་ཡོདཔ་ད་ ད་རིས་ བཙོང་པར་འོང་མི་ཚུ་ ཁ་ཙ་ ཕྱི་རུ་ལས་འོང་སྟེ་ བསྒུག་སྡོད་དོ་ཡོདཔ་ཨིན་པས།

སོ་ནམ་པ་ཚུ་གིས་ ག་ཐོབ་རྐྱབ་སྟེ་ འོང་ནི་དེ་གིས་ འཕྲུལ་ཁང་གིས་ ཤོག་འཛིན་ཚུ་སྤྲོད་དེ་ འོང་བཅུག་དོ་ཡོདཔ་ད་ ཨེ་པཱལ་ དེ་ གཙོ་བོ་ར་ ཁུ་བ་བཟོ་སྟེ་ བཙོང་ནིའི་དོན་ལུ་ ལག་ལེན་འཐབ་དོ་ཡོདཔ་ཨིན་པས།

ཡོངས་ཁྱབ་འཛིན་སྐྱོང་འགོ་དཔོན་གྱིས་ སླབ་མིའི་ནང་ འཕྲུལ་ཁང་གིས་ ནང་འཁོད་ལས་ ཨེ་པཱལ་ཉོ་ནིའི་བརྒྱ་ཆ་༦༠ དང་༧༠ གི་བར་ན་ བཞག་སྟེ་ཡོད་རུང་ མ་འོངས་པའི་ནང་ འགྲོས་ཀྱིས་སྦེ་ ནང་འདྲེན་མ་འབད་བར་ ནང་འཁོད་ལས་ར་ ལངམ་སྦེ་ ཉོ་ནིའི་འཆར་གཞི་ཡོད་ཟེར་ཨིན་པས།

འཕྲུལ་ཁང་གིས་ སྤྱི་ཟླ་༨ པ་ནང་ལས་ ཉོ་ནི་འགོ་བཙུགས་ཡོདཔ་ལས་ ད་ལྟོ་ཡང་ བཙོང་པར་འབག་འོང་དོ་ཡོདཔ་ལས་ འཕྲུལ་ཁང་ནང་ལཱ་འབད་མི་ཚུ་ འདུ་འཛི་ཅན་སྦེ་ ཡོདཔ་ཨིན་པས།

འཕྲུལ་ཁང་གིས་ སྤྱི་ལོ་༡༩༨༠ དེ་ཅིག་ལས་ར་ སོ་ནམ་པ་ཚུ་ལས་ ཨེ་པཱལ་ཉོ་ནི་འགོ་བཙུགས་ཏེ་ ད་རེས་ ཀེ་ཇི་རེ་ལུ་ དངུལ་ཀྲམ་༢༠ རེ་སྦེ་ ཉོ་དོ་ཡོད་རུང་ སོ་ནམ་པ་ཚུ་ གོང་ཚད་ལུ་ལྟ་སྟེ་ སེམས་དགའ་སྟེ་འདུག།

སྤ་རོ་ཟླ་བ་ཁ་ལས་ སྐྱེས་ལོ་༦༠ ལང་མི་ བསོད་ནམས་ཀྱིས་ བཤད་མིའི་ནང་ ཕད་ཙི་༤༥ དེ་ཅིག་ འབག་འོང་ཡོདཔ་ད་ དེ་ནང་ ཕྱིར་ཚོང་གི་ སྤུས་ཚད་ཡོད་མི་ཚུ་ཡང་ ཡོད་ཟེར་སླབ་ཨིན་པས།

ཁོ་དང་གཅིག་ཁར་ ཀུན་ལེགས་ཀྱིས་ཡང་ སྣུམ་འཁོར་ཌི་སི་ཨེམ་༡ ནང་ ཕན་ཙི་༤༥༠ དེ་ཅིག་ སོ་ནམ་པ་གཞན་ཚུ་ལས་ ཉོ་སྟེ་ འབག་འོང་ཡོདཔ་ལས་ ཕད་ཙི་རེ་ལས་ དངུལ་ཀྲམ་༢༠ དེ་རེ་ ཁེ་སང་བཟོ་ཚུགས་པའི་ རེ་བ་ཡོད་ཟེར་བཤདཔ་ཨིན་ པས།

ཁོ་གིས་སླབ་མིའི་ནང་ ཕུན་ཚོགས་གླིང་ལུ་འབག་སྟེ་ ཕྱིར་ཚོང་འཐབ་པ་ཅིན་ སྦོམ་གྱི་རིགས་ སྒྲོམ་རེ་ལུ་ དངུལ་ཀྲམ་༡,༥༠༠ དེ་རེ་ འཐོབ་ནི་ཡོད་རུང་ དུས་ཅི་ དངུལ་ཀྲམ་༩༠༠ དེ་ཅིག་ལས་ མི་ཐོབ་དོ་ཡོདཔ་ལས་ གླ་ཚུ་ག་ར་ རྩིས་རྐྱབ་ད་ ཁེ་སང་དེ་ཅིག་ མིན་འདུག་ཟེར་ཨིན་པས།

འཕྲུལ་ཁང་གིས་ སྦོམ་ཆུང་དང་ སྤུས་ཚད་ཡོད་མི་དང་ མེད་མི་ཚུ་ག་ར་ ཉོ་འབག་ནི་དེ་གིས་ འཕྲུལ་ཁང་ནང་བཙོང་མི་དེ་ ཁེ་སང་འདུག་ཟེར་བཤད་ཅི།

ཁ་ཙ་ཉིནམ་གཅིག་ལུ་ར་ འཕྲུལ་ཁང་གིས་ ཨེ་པཱལ་མེ་ཊིག་ཊཱོན་༦༠ དེ་ཅིག་ ཉོ་ཡོདཔ་ད་ ཟླཝ་འདི་གི་ཟླ་མཇུག་ཚུན་ བཙོང་མི་འཐོན་ནི་བཟུམ་ཅིག་ ཡོདཔ་ཨིན་པས།

ཟླ་བ་ཁ་གི་ སོ་ནམ་པ་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ སོ་ནམ་པ་ཚུ་གིས་ ཕྱིར་ཚོང་འཐབ་མ་ཚུགས་པའི་ཁར་ ནང་ འཁོད་ལུ་ཡང་ བཙོང་མ་ཚུགས་པར་ལུས་མི་ ཨེ་པཱལ་ཚུ་ མ་བཏོག་པར་བཞག་མི་ ཡོད་ཟེར་ཨིན་པས།

འཕྲུལ་ཁང་ནང་ རྒྱ་ནག་ལས་ ཨེ་པཱལ་དཀྲུམ་མི་འཕྲུལ་ཆས་ ཉོ་འབག་མི་གིས་ ཉིནམ་༡ ནང་ མེ་ཊིག་ཊཱོན་༡༦ དང་༢༠ གི་བར་ན་ དཀྲུམ་ཚུགས་ཟེར་ཨིན་པས།

འཕྲུལ་ཁང་གི་ ཡན་ལག་འཕྲུལ་ཁང་ གླིང་མི་ཐང་ལུ་ཡོད་མི་ འཕྲུལ་ཁང་གིས་ཡང་ ཤར་ཕྱོགས་རྫོང་ཁག་ཚུ་ནང་ལས་ ཚལ་ལུ་དང་ ཨམ་ཅུ་ཀུ་ལི་ཚུ་ ཉོ་དོ་ཡོདཔ་ཨིན་པས།

གླིང་མི་ཐང་གི་འཕྲུལ་ཁང་གིས་ ཚལ་ལུ་མང་སུ་ཉོ་དོ་ཡོདཔ་ལས་ ན་ཧིང་གི་ལོ་ནང་ མེ་ཊིག་ཊཱོན་༡༨ ཉོ་ཡོདཔ་ད་ དེ་བཟུམ་སྦེ་ གཞལམ་སྒང་དང་ པདྨ་དགའ་ཚལ་ དེ་ལས་ དར་དཀར་དཔལ་ལ་ལུ་ཡོད་མི་ སོ་ནམ་པའི་སྡེ་ཚན་ཚུ་གིས་ཡང་ ཚལ་ཚུ་ལུ་ ཉོ་དོ་ཡོདཔ་ཨིན་པས།

སྐལ་བཟང་ཚེ་རིང་གིས་ བཤད་མིའི་ནང་ སོ་ནམ་པ་ཚུ་གིས་ ཐོན་སྐྱེད་བཙོང་པར་འབག་མིའི་ཐད་ ནད་ཡམས་མེད་པའི་སྐབས་ དང་ ནད་ཡམས་ཐོན་པའི་ཤུལ་ལས་ཀྱི་བར་ན་ ཁྱད་པར་ཅིག་ མ་མཐོང་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ ཐོན་སྐྱེད་ལེགས་ཤོམ་མེད་པ་ཅིན་ སོ་ནམ་པ་ཚུ་གིས་ དེ་ཅིག་འབག་འོང་ནི་མེད་ཟེར་ཨིན་པས།

འཕྲུལ་ཁང་གི་ ཐོན་སྐྱེད་ལས་ཁུངས་ཀྱི་ འགོ་དཔོན་ཚུ་དང་འཁྲིལཝ་ད་ དུས་ཅི་ དམིགས་གཏད་བ་ལྷགཔ་སྦེ་ ཉོ་ཚུགས་ནི་ ཨིནམ་ལས་ གྲུབ་འབྲས་ཡང་ ལེགས་ཤོམ་འཐོན་ནིའི་ རེ་བ་བསྐྱེད་དོ་ཟེར་ བཤད་ཡོད་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

དྲིན་ཅན་ཕམ་ལུ་ དྲིན་ལན་འཇལ་དགོ་པའི་རྒྱབ་ཁུངས་དང་ དྲིན་ལན་འཇལ་ནིའི་ཐབས་ལམ།

༉ རང་ཟླ་༩ པའི་ཚེས་༢༢ ལུ་ ལྷ་བབས་དུས་ཆེན་གྱི་ཉིནམ་འདི་ དྲིན་ཅན་ཕ་མའི་ཉིནམ་སྦེ་ བརྩི་སྲུང་ཞུཝ་ཨིན།  དེ་སྦེ་བརྩི་སྲུང་འབད་དགོ་པའི་ དམིགས་ཡུལ་གཙོ་བོ་ར་ དྲིན་ཅན་ཕམ་ལུ་ དྲིན་ལན་འཇལ་དགོཔ་ ཁག་ཆེཝ་ཨིནམ་ ཤེས་ནིའི་དོན་ལུ་ཨིན། ཕམ་ཚུ་ལུ་ དྲིན་ལན་འཇལ་དགོ་པའི་ཁུངས་ …

Leave a Reply

Your email address will not be published. Required fields are marked *