ཨུ་ར་རྒེད་འོག་ནང་ གྲོགས་རམ་ལྷོད་མི་ སྔོ་ཚལ་ཆུ་ཤོག་ཁྱིམ་གྱི་ ཅ་ཆས་ཚུ།

ཨུ་ར་རྒེད་འོག་ནང་ སྔོ་ཚལ་ཆུ་ཤོག་ཁྱིམ་ཚུ་ གྲོགས་རམ་སྦེ་བྱིན་ཡོདཔ།

༉ བུམ་ཐང་ཨུ་ར་ སོམ་ཕྲང་ཆོས་རྗེ་གི་ འབྲུག་གཉོས་གཞི་ཚོགས་ཀྱིས་ འགོ་འདྲེན་ཐོག་ལས་ ཨུ་ར་རྒེད་འོག་ནང་ སྔོ་ཚལ་ཆུ་ཤོག་ཁྱིམ་༡༤ གྲོགས་རམ་སྦེ་ བྱིན་ཡོདཔ་ཨིན་པས།

དེ་ཡང་ སྤྱི་ཟླ་༤ པའི་ཚེས་༡༨ ལུ་ ཨུ་ར་རྒེད་འོག་གི་ གཡུས་ཚན་༡༡ ནང་ ཞིང་པ་སྡེ་ཚན་༡༣ དང་ ཨུ་ར་སློབ་གྲྭ་ལྟེ་བ་ལུ་ སྔོ་ཚལ་ཆུ་ཤོག་ཁྱིམ་ཚུ་ བྱིན་ཡོདཔ་ཨིན་པས།

འབྲུག་གཉོས་གཞི་ཚོགས་ཀྱིས་ གནས་ཚུལ་གསར་བཏོན་འབད་མིའི་ནང་ གཞུང་དང་ གཙུག་སྡེ་ ལས་སྡེ་ ངོ་རྐྱང་ཚུ་གིས་ ནད་ཡམས་ཀོ་བིཌ་-༡༩ འི་གནས་སྟངས་ནང་ གདོང་ལེན་འབད་མི་ལུ་ མཉམ་འབྲེལ་འབད་ནིའི་དོན་ལུ་ སོམ་ཕྲང་ཆོས་རྗེ་གི་ གཉོས་གཞི་ཚོགས་ཀྱིས་ ཨུ་ར་རྒེད་འོག་གི་ མི་ཚུ་ལུ་ སྔོ་ཚལ་ཆུ་ཤོག་ཁྱིམ་ཚུ་ བགོ་བཀྲམ་འབདཝ་ཨིན་ཟེར་ཨིན་པས།

གཉོས་སོ་ནམ་བརྩོན་ཤུགས་ཀྱིས་ འགོ་འདྲེན་ཐོག་ལས་ རྫས་སྦྱོར་མེད་པའི་ རང་བཞིན་གྱི་སོ་ནམ་ལཱ་ཚུ་ འབད་ནིའི་ལས་འགུལ་ཐོག་ལས་ ཨུ་ར་རྒེད་འོག་ནང་ ནད་ཡམས་སྐབས་ ཚོད་བསྲེའི་དཀའ་ངལ་ སེལ་ཐབས་འབད་ནིའི་དོན་ལུ་ སྔོ་ཚལ་ཆུ་ཤོག་ཁྱིམ་ཚུ་ རྒྱབ་སྐྱོར་འབདཝ་ཨིན་པས།

ལས་འགུལ་དེ་ཡང་ ཨེ་ཤི་ཡ་ཨོན་ལཱས་ཟེར་ ཨི་ཊ་ལི་ལུ་ཡོད་པའི་ རྒྱལ་སྤྱི་གཞུང་མིན་ལས་ཚོགས་དང་ མཉམ་འབྲེལ་ཐོག་ལས་ འགོ་འདྲེན་འཐབ་ཡོདཔ་ད་ དེའི་དོན་ལུ་ མ་དངུལ་དེ་ བོལ་ཟ་ནོ་གི་ རང་སྐྱོང་མངའ་སྡེ་གིས་ རྒྱབ་སྐྱོར་འབད་ཡོདཔ་ཨིན་པས།

ཨུ་ར་རྒཔོ་ མཁའ་འགྲོ་དབང་ཕྱུག་གིས་ སླབ་མིའི་ནང་ དརེས་ གཞི་ཚོགས་ཀྱིས་ སྔོ་ཚལ་ཆུ་ཤོག་ཁྱིམ་ བཀྲམ་སྤེལ་འབད་མི་དེ་གིས་ ཨུ་ར་གི་ མི་སེར་ཚུ་ལུ་ ཕན་ཐོགས་སྦོམ་འབྱུང་ཚུགས་ཟེར་ཨིནམ་ད་ དེ་ཡང་ རྒེད་འོག་བདག་སྐྱོང་གིས་ ཧེ་མ་ཡང་ བགོ་བཀྲམ་འབད་མི་ སྔོ་ཚལ་ཆུ་ཤོག་ཁྱིམ་ཚུ་གིས་ ཁེ་ཕན་བྱུང་མི་ལུ་བརྟེན་ཨིན་ཟེར་ ཨིན་པས།

ཁོ་གིས་ སླབ་མིའི་ནང་ ད་རེས་ གཞི་ཚོགས་ཀྱིས་ གྲོགས་རམ་བྱིན་མི་ སྔོ་ཚལ་ཆུ་ཤོག་ཁྱིམ་གྱི་དོན་ལུ་ ཅ་ཆས་ཚུ་ག་ར་ ཆ་ཚང་འབད་ཡོདཔ་ལས་ ཡུན་རིང་ཐུབ་ཚུགས་པའི་ ཁེ་ཕན་ཡོདཔ་མ་ཚད་ བཟོ་ནི་ལུ་ཡང་ དུས་ཡུན་གངམ་མ་འགོར་བའི་ཁར་ ཕྱིའི་གྲོགས་རམ་ཨིནམ་ལས་ རྒེད་འོག་ལུ་ཡང་ མ་དངུལ་གསོག་འཇོག་འབད་ནིའི་ ཁེ་ཕན་ཡོད་ཟེར་ཨིན་པས།

གནས་ཚུལ་གསར་བཏོན་ནང་ གཞུང་གིས་ ས་གནས་ནང་ ཚོད་བསྲེ་འཛུགས་སྐྱོང་ ཡར་དྲག་གཏང་ཞིནམ་ལས་ རང་མགོ་རང་འདྲོངས་བཟོ་ནིའི་ དམིགས་གཏད་ཡོད་མི་དེ་ལུ་ གཞི་ཚོགས་ཀྱིས་ ལྷན་ཐབས་རྒྱབ་སྐྱོར་འབདཝ་ཨིན་ཟེར་ ཨིན་པས།

མི་ཚུ་གིས་ སྔོ་ཚལ་ཆུ་ཤོག་ཁྱིམ་བཟོ་བའི་ཤུལ་ལུ་ ལས་འགུལ་གྱི་ཁ་ཐུག་ལས་ ད་རུང་ སོ་ནམ་ལག་ཆ་ཚུ་ཡང་ བགོ་བཀྲམ་འབད་ནི་ཨིན་ཟེར་ ཨིན་པས།

དེ་བཟུམ་སྦེ་ ད་རེས་ ཨེ་མའི་གོང་ཚད་ ཡར་སེང་འགྱོ་དོ་ཡོད་མི་དང་བསྟུན་ ལས་འགུལ་དེ་གིས་ སྔོ་ཚལ་ཆུ་ཤོག་ཁྱིམ་ནང་ ཨེ་མ་འཛུགས་སྐྱོང་འབད་བཅུག་ནིའི་དོན་ལུ་ ཨེ་ལྕང་ཚུ་ཡང་ བྱིན་ནི་ཨིནམ་ད་ དེ་གིས་ ཁྱིམ་གུང་༡༠༠ དེ་ཅིག་དང་ སློབ་གྲྭ་ལྟེ་བ་ལུ་ ཨེ་མ་ལངམ་སྦེ་ ཐོན་སྐྱེད་འབད་ཚུགས་པའི་ ཕན་ཐོགས་འབྱུང་ནི་ཨིན་པས།

སྤང་མཁར་སྡེ་ཚན་གྱི་ འགོ་འདྲེན་པ་ ཚེ་དབང་རྒྱ་མཚོ་གིས་ སླབ་མིའི་ནང་ ཨུ་རའི་གཡུས་ཚན་དེ་ ས་ཁ་མཐོ་སར་ཨིནམ་ལས་ སྡེ་ཚན་གྱིས་ ཨེ་མ་འཛུགས་སྐྱོང་འབད་ནི་ལུ་ གཙོ་བོར་བཏོན་ནི་ཟེར་ཨིན་པས།

སྔོ་ཚལ་ཆུ་ཤོག་ཁྱིམ་ཚུ་ ཉིན་གྲངས་༡༠ དེ་ཅིག་ནང་ བཟོ་ཚར་འོང་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནང་ ཧེ་མ་ རྒེད་འོག་བདག་སྐྱོང་གི་ཁ་ཐུག་ལས་ སྔོ་ཚལ་ཆུ་ཤོག་ཁྱིམ་ ཐོབ་པའི་ཤུལ་ལས་ ཚོད་བསྲེའི་ལཱ་འབད་མི་དེ་ མཐར་འཁྱོལ་བྱུང་ཡོདཔ་ལས་ ད་རེས་ གྲོགས་རམ་བྱིན་མི་ སྔོ་ཚལ་ཆུ་ཤོག་ཁྱིམ་དེ་གིས་ཡང་ གནམ་བྱཱར་དགུན་མེད་པར་ ཚོད་བསྲེ་འཛུགས་སྐྱོང་འབད་ནི་ལུ་ ཕན་ཐོགས་འབྱུང་ཚུགས་ཟེར་ཨིན་པས།

སྔོ་ཚལ་ཆུ་ཤོག་ཁྱིམ་མེད་པའི་སྐབས་ ཚོད་བསྲེའི་རིགས་ལས་ པད་ཚོད་དང་ ཀོ་པི་ཚུ་ རྐྱངམ་གཅིག་ལས་བརྒལ་ མི་འཚོ་དོ་ཡོདཔ་ཨིན་པས།

སྔོ་ཚལ་ཆུ་ཤོག་ཁྱིམ་ནང་འབད་བ་ཅིན་ གནམ་བྱཱར་དགུན་མེད་པར་ ཚོད་བསྲེ་ཚུ་ ལེགས་ཤོམ་སྦེ་ སྐྱེས་དོ་ཡོདཔ་ལས་ གཡུས་མི་ཚུ་ ཚོད་བསྲེའི་ལཱ་འབད་ནི་ལུ་ སེམས་ཤུགས་ཐོབ་པའི་ཁར་ མ་འོངས་པ་ལུ་ཡང་ འདི་བཟུམ་གྱི་ རྒྱབ་སྐྱོར་འཐོབ་པའི་རེ་བ་ཡོད་ཟེར་ ཚེ་དབང་རྒྱ་མཚོ་གིས་ སླབ་ཡོད་པའི་གནས་ཚུལ།

ཉིམ་རྡོ་རྗེ། ཀྲོང་གསར།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *