ཁ་ཙ་ འགོ་འབྱེད་འབད་མི་ ཆུའི་ལས་འགུལ་དེ་ བདེ་སྲུངཔ་༡༥༠ གིས་ འགོ་འདྲེན་འཐབ་ནི་ཨིན་པས།

ཨུ་མཛོ་རོང་རྒེད་འོག་གི་ འཐུང་ཆུའི་དཀའ་ངལ་བསལ་ཚུགས་ནི།

༉ བཀྲིས་སྒང་ཨུ་མཛོ་རོང་རྒེད་འོག་གི་ མི་སེར་༢,༢༡༠ དེ་ཅིག་གིས་ འཕྲལ་མགྱོགས་ར་ བློ་གཏད་ཚུགས་པའི་ འཐུང་ཆུ་འཐོབ་ནི་ཨིན་པས།

དེ་ཡང་ ཁ་ཙ་ ས་གནས་ཁེངས་སྟོང་མ་ཎི་ལུ་ གྲོང་གསེབ་འཐུང་ཆུའི་ལས་འགུལ་ འགོ་འབྱེད་འབད་ཡོདཔ་ལས་ ཟླཝ་༦ གི་རྒྱབ་ལས་ འཐུང་ཆུའི་དཀའ་ངལ་ བསལ་ཚུགས་ནི་ཨིན་པས།

ལས་འགུལ་དེ་ བསྟན་སྲུང་དམག་མི་༤ དང་ བདེ་སྲུངཔ་༡༥༠  དེ་ལས་ རྫོང་ཁག་ལས་ བཟོ་རིག་འགོ་དཔོན་༢ དང་ འཕྲུལ་རིགཔ་༤ གིས་ འབྲེལ་འཛིན་ཐོག་ འགོ་འདྲེན་འཐབ་ནི་ཨིན་པས།

དངུལ་ཀྲམ་ས་ཡ་༩.༩༥༢ འབད་མི་ ལས་འགུལ་དེ་གིས་ ཆུ་འཐེན་སའི་ ས་ཁོངས་༥ དང་ ཆུ་མཛོད་༣ རྐྱབ་ནི་ དེ་ལས་ ཆུ་བཀྲམ་སྤེལ་གྱི་ ཆུ་དུང་ཚུ་ བཙུགས་ནི་ཨིན་པས།

ལས་འགུལ་དེ་གིས་ ཨུ་མཛོ་རོང་རྒེད་འོག་གི་ སྤྱི་འོག་༤ འི་ ཁྱིམ་གུང་༤༤༢ དང་ མི་སེར་༢,༢༡༠ དེ་ཅིག་ལུ་ ཕན་ཐོགས་འབྱུང་ནི་ཨིན་པས།

ཨུ་མཛོ་རོང་རྒཔོ་ རྡོ་རྗེ་ཚེ་རིང་གིས་འབད་བ་ཅིན་ སྤྱིར་བཏང་རྒེད་འོག་ནང་ འཐུང་ཆུ་མ་ལང་པའི་ དཀའ་ངལ་མེད་རུང་ ཕྱི་ཡ་དང་ བར་ཀ་ཟོར་ སྦས་སྤམ་དང་ རི་ཟོར་སྤྱི་འོག་༤ ནང་ དཀའ་ངལ་ཡོད་ཟེར་ཨིན་པས།

འཐུང་ཆུ་བཀྲམ་སྤེལ་ ལས་འགུལ་ལུ་བརྟེན་ ད་ལྟོ་ཡོད་མི་ ཆུའི་དཀའ་ངལ་བསལ་ཚུགས་པའི་ རེ་བ་ཡོད་ཟེར་ རྒཔོ་གིས་ བཤད་ཡོདཔ་ད་ སྤྱི་འོག་ཚུ་གི་གྲས་ལས་ ཕྱི་ཡ་དང་ སྦས་སྤམ་ལུ་ ཆུའི་དཀའ་ངལ་སྦོམ་ཡོདཔ་ཨིན་པས།

གཡུས་མི་ཚུ་གིས་འབད་བ་ཅིན་ སོ་ནམ་པ་ མང་ཤོས་ར་ སོ་ནམ་གྱི་ ལཱ་འབད་ནིའི་དོན་ལུ་ ཆར་ཆུ་ལུ་ བརྟེན་དགོ་ཟེར་ཨིན་པས།

ཧེ་མ་འབད་བ་ཅིན་ ཆུ་རྐ་༥ དེ་ཅིག་གིས་ ཞིང་ཆུ་དཔག་ནི་དང་ འཐུང་ནི་གཉིས་ཆ་ར་ ལངམ་ཨིན་རུང་ ད་རེས་འབད་བ་ཅིན་ ཞིང་ཆུ་དཔག་ནི་ཕར་བཞག་ འཐུང་ནི་ར་མི་ལང་པས་ཟེར་ གཡུས་མི་རྒས་ཤོས་ཅིག་གིས་ སླབ་ཨིན་པས།

ཁོ་གིས་ སླབ་མིའི་ནང་ བདེ་སྲུང་ཞབས་ཏོག་ལས་འགུལ་ལུ་བརྟེན་ སོ་ནམ་ཞིང་ལཱ་འབད་ནི་གི་ གོ་སྐབས་འཐོབ་ནི་ཨིནམ་ལས་ དེ་གིས་ འཚོ་བའི་གནས་སྟངས་ ཡར་དྲག་འགྱོ་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པས།

རི་ཟོར་ཚོགས་པ་ འཇིགས་མེད་ཀྱིས་འབད་བ་ཅིན་ གནམ་གཤིས་འགྱུར་བགྲོད་ལུ་བརྟེན་ ཆུའི་རྐ་མང་ཤོས་ར་ སྐམ་སོཔ་ལས་ འཐུང་ཆུའི་དཀའ་ངལ་ཡོད་ཟེར་ཨིནམ་ད་ ལས་འགུལ་དེ་གིས་ ཁོ་རའི་སྤྱི་འོག་ནང་ འཐུང་ཆུའི་དཀའ་ངལ་བསལ་ཚུགས་པའི་ རེ་བ་ཡོད་ཟེར་ བཤདཔ་ཨིན་པས།

ལས་འགུལ་འགོ་འབྱེད་སྐབས་ བཀྲིས་སྒང་རྫོང་བདག་ ཆོས་སྐྱིད་རྒྱལ་མཚན་གྱིས་ ལས་འགུལ་ལུ་ རྫོང་ཁག་དང་ རྒེད་འོག་བདག་སྐྱོང་གིས་ རྒྱབ་སྐྱོར་འབད་དགོཔ་ཁག་ཆེ་ཟེར་ བཤད་པའི་ཁར་ བཟོ་རིག་གི་ རྒྱབ་སྐྱོར་ཡང་ འབད་འོང་ཟེར་བཤད་ཅི། 

འཐུང་ཆུའི་རྐ་༥ དེ་ཅིག་ ངོས་འཛིན་འབད་ཡོདཔ་བཞིན་དུ་ ཆུ་རྐ་རིང་ཤོས་ར་ རྒེད་འོག་ལྟེ་བ་ལས་ ཀི་ལོ་མི་ཊར་༣༥ དེ་ཅིག་འོང་ནི་ཨིན་པས།

བཀྲིས་སྒང་རྫོང་ཁག་ནང་ གྲོང་གསེབ་འཐུང་ཆུའི་ལས་འགུལ་ འགོ་འབྱེད་འབད་མི་དང་བསྟུན་ ཧཱ་རྫོང་ཁག་ནང་ཡང་ བདེ་སྲུངཔ་ཚུ་གིས་ རྒྱལ་ཡོངས་འཐུང་ཆུའི་ལས་འགུལ་ འགོ་འབྱེད་འབད་ཡོདཔ་ཨིན་པས།

ལས་འགུལ་དེ་ རྒྱ་གར་གཞུང་གིས་ མ་དངུལ་གྲོགས་རམ་འབད་ཡོདཔ་ད་ བཀྲིས་སྒང་རྫོང་ཁག་ནང་ ཆུའི་ལས་འགུལ་༡ ལས་བརྒལ་མེདཔ་ཨིན་པས།

བདེ་སྲུངཔ་ཚུ་གིས་  རྒྱལ་ཡོངས་འཐུང་ཆུ་བཀྲམ་སྤེལ་ལས་འགུལ་༥ མཇུག་བསྡུ་མི་ཚུ་ མི་སེར་ལུ་ རྩིས་སྤྲོད་ཡོདཔ་ད་ ད་ལྟོ་ རྒྱལ་ཁབ་ནང་ འཐུང་ཆུའི་བཀྲམ་སྤེལ་ལས་འགུལ་༡༩ འབད་བའི་བསྒང་ཡོད་པའི་གནས་ཚུལ། 

གནས་བརྟན་རྡོ་རྗེ། བཀང་ལུང་།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *