ཨིསི་ཀེན་ཀེ་ཕི་ལས་སྡེ་གིས་ ལས་བྱེདཔ་༦༧ དགོངས་ཞུ་བཏང་མི་ལུ་ འཛོལ་བ་མེདཔ།

༉ ལས་གཡོག་ལྷན་ཁག་གིས་ ཐིམ་ཕུག་གསར་སྦིས་ཐང་ བརྡ་དོན་འཕྲུལ་རིག་གླིང་ག་ལྟེ་བའི་ནང་ ཨིསི་ཀེན་ཀེ་ཕི་ཟེར་མི་ སྒེར་སྡེ་གིས་ ལས་བྱེདཔ་༦༧ ལས་མིའི་བཅའ་ཁྲིམས་༢༠༠༧ ཅན་མ་དང་འཁྲིལ་ཏེ་ དགོངས་ཞུ་བཏང་ནུག་ཟེར་ཨིན་པས།
ལས་བྱེདཔ་༦༧ གྱིས་ ལས་གཡོག་ལྷན་ཁག་ལུ་ རྒྱབ་སྐྱོར་གྱི་ ཞུ་ཡིག་བཙུགས་པའི་ཤུལ་ལས་ ལྷན་ཁག་གིས་ ཨིསི་ཀེན་ཀེ་ཕི་ལུ་ གནད་དོན་ག་ཅི་ལུ་བརྟེན་ དགོངས་ཞུ་བཏང་ཡོདཔ་ཨིན་ན་ དོགས་སེལ་འབད་དགོཔ་སྦེ་ སླབ་ཡོདཔ་ཨིན་པས།
ལས་མི་འགོ་དཔོན་ ངག་དབང་ནོར་བུ་གིས་ སླབ་མིའི་ནང་ ལས་སྡེ་གིས་ དགོངས་ཞུ་འབད་མི་ ལས་བྱེདཔ་ཚུ་ ལོག་ལེན་ཐབས་མེད་མི་དེ་ཡང་ ལས་སྡེའི་དོན་ལུ་ ལས་མགྲོན་པ་ ངོ་མ་ཅིག་ཨིན་མི་ ཡུ་རོ་པིན་སྤྱི་མཐུན་དང་ འབྲེལ་བ་མེདཔ་ ཡར་སོང་མི་ལུ་བརྟེན་ཨིན་པས།
ང་བཅས་ཀྱིས་ ལས་སྡེ་ལུ་ ལས་བྱེདཔ་ཚུ་ ལོག་ལེན་དགོཔ་སྦེ་སླབ་ནིའི་ དབང་ཚད་མེད་རུང་ ལས་བྱེདཔ་ཚུ་གིས་ ཐོབ་དབང་དང་ ཁེ་ཕན་གཞན་ཚུ་ བཅའ་ཁྲིམས་དང་འཁྲིལ་ཏེ་ བྱིན་ཡོད་མེད་ བལྟ་ནི་དེ་ ལྷན་ཁག་གི་ འགན་ཁུར་ཨིན་ཟེར་ ངག་དབང་ནོར་བུ་གིས་ བཤད་པའི་ཁར་ ཨིསི་ཀེན་ཀེ་ཕི་གིས་ ལས་བྱེདཔ་ཚུ་ཡང་ ལས་མིའི་བཅའ་ཁྲིམས་དང་འཁྲིལ་ཏེ་ར་ དགོངས་གྲོལ་བཏང་ནུག་ཟེར་ཨིན་པས།
འདས་པའི་བདུན་ཕྲག་ནང་ ལས་སྡེ་གིས་ ལས་བྱེདཔ་༦༧ ལུ་ ཟླཝ་༢ ཀྱི་ དངུལ་ཕོགས་བརྩིས་ཏེ་ འཚོ་རྟེན་མ་དངུལ་ལ་སོགས་པའི་ ཐོབ་ལམ་གཞན་ཚུ་ཡང་ བྱིན་ཡོདཔ་ཨིན་པས།
ཧེ་མའི་ དྲི་བ་དྲིས་ལན་ནང་ ཨིསི་ཀེན་ཀེ་ཕི་གི་མདོ་ཆེན་ ར་མིན་དྲ་ ན་ར་ཡཱན་གྱིས་ སླབ་མིའི་ནང་ ལས་སྡེ་ནང་ འདྲ་པར་དང་འབྲེལ་བའི་ སྡེ་ཚན་གྱི་ ལས་བྱེདཔ་ཚུ་ བཏོན་བཏང་དགོ་པའི་ གནད་དོན་གཙོ་བོ་ར་ ཡུ་རོབ་ལུ་ སྒེར་དབང་གི་བཅའ་ཡིག་དམ་སྒྲིང་ སྤྱིར་གནས་སྡུད་ཉེན་སྐྱོབ་དབང་འཛིན་གྱི་ ལམ་ལུགས་གསརཔ་དེ་ ནངས་ཚེས་ལས་ ལག་ལེན་འཐབ་ནི་ འགོ་བཙུགས་ནི་ཨིན་མི་ལུ་བརྟེན་ཨིན་ཟེར་ཨིན་པས།
མ་གཞི་ ལས་སྡེ་ནང་ སྒེར་གྱི་གནས་སྡུད་ཚུ་ འདྲ་པར་བཟོ་ནིའི་དོན་ལུ་ ཡུ་རོབ་ལུ་ཡོད་མི་ ཨིསི་ཀེན་ཀེ་ཕི་གི་ ལས་སྡེ་གིས་ བཏང་དོ་ཡོདཔ་ལས་ དབང་འཛིན་གྱི་ ལམ་ལུགས་ལུ་ གནས་དགོཔ་ལས་ འདྲ་པར་གྱི་ ཞབས་ཏོག་མཚམས་འཇོག་འབད་ནི་ལུ་ གྲོས་ཐག་བཅད་ནུག་ཟེར་ཨིན་པས།
ཨིན་རུང་ ལས་སྡེ་གིས་ སླབ་མིའི་ནང་ གལ་སྲིད་ མ་འོངས་པ་ལུ་ ལས་སྡེ་གསརཔ་ཚུ་ སྒོ་ཕྱེ་བ་ཅིན་ དགོངས་ཞུ་བཏང་མི་ ལས་བྱེདཔ་ཚུ་ལུ་ གོ་སྐབས་དང་པ་ བྱིན་འོང་ཟེར་ཨིནམ་ད་ ད་རེས་ ལས་སྡེ་གི་ ལྷག་ལུས་ལཱ་ཚུ་འབད་ནིའི་དོན་ལུ་ ལས་བྱེདཔ་༩ བཞག་སྟེ་ཡོད་མི་དེ་ཡང་ ཡུན་ནེ་ཡཱན་ ཚོང་མགྲོན་པ་དང་ འབྲེལ་བ་འཐབ་མི་ཚུ་ཨིན་པས།
ད་རེས་ གླིང་ག་ནང་ མ་རྩ་ཐད་ཀར་གཞི་འཛུགས་ལས་སྡེ་༧ ཡོད་མི་ཚུ་ནང་ ལཱ་འབད་མི་༦༠༠ ཡོདཔ་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

 

About admin

Check Also

དགེ་ལེགས་ཕུག་ལུ་ ཆུ་རུད་བཀག་ཐབས་ཀྱི་ ཆུ་བྱག་དང་ ཆུ་ལམ་ལེགས་བཅོས་འབད་ནི།

ཁྲོམ་སྡེ་གིས་ ལོ་ཕྱེད་ཀྱི་ འཆར་དངུལ་བསྐྱར་ཞིབ་སྐབས་ ཉེན་ཅན་ས་ཁོངས་ཚུ་ནང་ ཆུ་རུད་བཀག་ཐབས་ཀྱི་ གཙོ་རིམ་སྒྲིག་ནི་ཨིན་པས། ༉ གནམ་བྱཱར་གྱི་སྐབས་ ཆུ་རུད་ལས་ ཉེན་སྐྱོབ་འབད་མི་ ཆུ་བྱག་ཚུ་ རམ་ཡར་སོཔ་ལས་ དགེ་ལེགས་ཕུག་ ནམ་མཁའ་གླིང་འདེམས་ཁོངས་ནང་ ཨའི་པོ་ལི་རོང་ཆུའི་ …

Leave a Reply

Your email address will not be published. Required fields are marked *