བཀྲིས་གླིང་ལྷ་ཁང་ནང་ སྐེ་དར་དང་ ངོ་རྒྱན་ཚུ་ བྱིན་ནི་གི་ ལས་རིམ་འགོ་འདྲེན་འཐབ་པའི་བསྒང་།

ཨིསི་ཀའུཊ་ཚུ་གིས་ མི་སྡེ་ལུ་ ཁས་བླངས་ཐོག་ ཞབས་ཏོག་ཞུ་དོ་ཡོདཔ།

༉ སྟང་སི་སྦྱིས་རྒེད་འོག་ལས་ མི་སེར་༥༠ ལྷགཔ་ཅིག་གིས་ མི་སྡེ་ཨིསི་ཀའུཊ་ནང་ འཛུགས་ཞུགས་འབད་ཡོདཔ་ཨིན་པས།
སྤྱི་ཟླ་༨ པའི་ཚེས་༩ ལུ་ བཀྲིས་གླིང་ལྷ་ཁང་ནང་ ཚང་ཁ་སློབ་གྲྭ་དང་ ཅན་ལྡན་སྦྱིས་སློབ་གྲྭའི་ སློབ་ཕྲུག་དང་ མི་སྡེ་ཨིས་ཀའུཊ་ནང་ གསར་འཛུལ་འབད་མི་དང་ ཧེ་མ་ལས་ཡོད་མི་ཚུ་ལུ་ སྡེ་རིམ་དང་འཁྲིལ་བའི་ སྐེ་དར་དང་ ངོ་རྒྱན་ཚུ་ བྱིན་ནི་གི་ ལས་རིམ་ཅིག་ འདྲེན་འཐབ་ཡོདཔ་བཞིན་དུ་ སྡེ་ཚན་གྱིས་ ཁས་བླངས་ཡང་ཕུལ་ཡི།
ཀྲོང་གསར་རྫོང་ཁག་ནང་ མི་སྡེ་ཨིསི་ཀའུཊ་ལས་རིམ་དེ་ སྤྱི་ལོ་༢༠༡༧ ལུ་ འགོ་བཙུགས་པའི་སྐབས་ འཛུལ་ཞུགས་འབད་མི་ སྟང་སི་སྦྱིས་ཀྱི་ མི་སེར་༡༥ ལས་བརྒལ་མེད་རུང་ དུས་ཅི་ གྱངས་ཁ་༩༥ ལྷགཔ་ཅིག་ལུ་ ཡར་སེང་སོང་སྟེ་ཡོད་ཟེར་ ཚང་ཁ་སློབ་གྲྭ་ལྟེ་བའི་ ཨིསི་ཀའུཊ་གི་ འགོ་འདྲེན་པ་ ཟླ་བ་གྲགས་པ་གིས་ བཤདཔ་ཨིན་པས།
ཟླ་བ་གྲགས་པ་གིས་འབད་བ་ཅིན་ མི་སྡེའི་ནང་ མི་སེར་ཚུ་ལུ་ གདོང་ཁར་ཐོན་ཏེ་ ཁས་བླངས་ཐོག་ལས་ ལཱ་འབད་ནི་དང་ སེམས་ཤུགས་བྱིན་ཐབས་ལུ་ མི་སྡེ་ཨིསི་ཀའུཊ་ གཞི་བཙུགས་འབད་ཡོདཔ་བཞིན་དུ་ ད་རེས་ ཁོང་ཆ་ཁྱབ་ ངོས་འཛིན་དང་ ངོ་རྟགས་བྱིན་ནི་ དེ་ལས་ ཁས་བླངས་འབད་ནིའི་ནང་ བློ་སྟོབས་བྱིན་ཐབས་ལུ་ སྐེ་དར་བྱིན་ཡི་ཟེར་ཨིན་པས།
ལས་རིམ་ནང་ བཅའ་མར་གཏོགས་མི་ཚུ་གིས་ མི་སྡེ་དང་ རྒེད་འོག་ནང་ ཆོས་ཕྱོགས་ཀྱི་ ལས་རིམ་ཚུ་ འགོ་འདྲེན་འཐབ་པའི་སྐབས་ ཁས་བླངས་ཐོག་ལས་ ཞབས་ཏོག་ཞུ་ནི་དང་ སྡེ་ཚན་ཐོག་ལས་ མི་སེར་ཉམ་ཆུང་ཚུ་ལུ་ གྲོགས་རམ་འབད་དོ་ཡོདཔ་ཨིན་པས།
འབྲུག་ཨིསི་ཀའུཊ་ཚོགས་པ་གིས་ ལས་རིམ་ཚུ་ འགོ་འདྲེན་འཐབ་པའི་སྐབས་ མི་སྡེ་ཨིསི་ཀའུཊ་ཚུ་ལུ་ བཅའ་མར་གཏོགས་ནིའི་ གོ་སྐབས་བྱིན་ནི་དང་ ངོས་འཛིན་འབད་ནིའི་ འཆར་གཞི་ཡོདཔ་ཨིན་པས།
སྐྱེས་ལོ་༥༥ ལང་མི་ བཀྲིས་ལྷམོ་གིས་ སླབ་མིའི་ནང་ མོ་ར་ མི་སྡེ་ཨིས་ཀའུཊ་སྐོར་ལས་ གོ་བའི་ཤུལ་ལས་ མི་སྡེ་ལུ་ ཁས་བླངས་ཐོག་ ལཱ་འབད་ནི་དང་ ཞབས་ཏོག་ཞུ་ནི་གི་ གོ་སྐབས་ལེན་ཡི་ཟེར་ཨིན་པས།
དེ་ལས་ སློབ་རིམ་༡༢ པ་ མཐར་འཁྱོལ་བའི་ཤུལ་ལུ་ གཡུས་ཁར་སྡོད་མི་ པདྨ་རྡོ་རྗེ་གིས་ འབད་བ་ཅིན་ གཡུས་ཁར་སྡོད་མི་ ན་གཞོན་ཚུ་གིས་ མི་ལུ་ ཕན་ཐོགས་པའི་ ལཱ་འབད་ནིའི་དོན་ལུ་ གདོང་ཁར་འཐོན་ནི་དང་ གཞན་ལུ་ སེམས་ཤུགས་བྱིན་ཐབས་ལུ་ བཅའ་མར་གཏོགས་ཅི་ཟེར་ཨིན་པས།
མི་སྡེ་ཨིས་ཀའུཊ་ འགོ་འདྲེན་འཐབ་ཞིནམ་ལས་ཚུར་ ཆོས་ཕྱོགས་ཀྱི་ ལས་རིམ་དང་ གཡུས་ཁ་ལུ་ ཕྱགས་བདར་དང་ ཕྱགས་སྙིགས་འཛིན་སྐྱོང་ཚུ་ འགོ་འདྲེན་འཐབ་ཡོདཔ་མ་ཚད་ མ་འོངས་པ་ལུ་ ཁོང་རའི་ཁ་ཐུག་ལས་ མ་དངུལ་བཟོ་སྟེ་ མི་སྡེ་ལུ་ ཕན་ཐོགས་པའི་ ལས་རིམ་འགོ་འདྲེན་འཐབ་ནིའི་ འཆར་གཞི་ཡོད་པའི་གནས་ཚུལ།

 

ཉིམ་རྡོ་རྗེ། ཀྲོང་གསར།

 

About admin

Check Also

ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ …

Leave a Reply

Your email address will not be published. Required fields are marked *