ཨིས་པཱསི་མོ་ པོ་རོག་སི་བཱོན་ པ་ལཱསི་ སྨྱོ་རྫས་ཀྱི་ཐོ་ནང་ དུས་མཐུན་བཟོ་ཆོག་ནི།

༉ མངོན་མཐོ་ཁྲིམས་འདུན་གྱིས་ སྨྱོ་རྫས་ཨིས་པཱསི་མོ་ པོ་རོག་སི་བཱོན་ པ་ལཱསི་གི་ འཁྲུན་ཆོད་གནང་མི་དང་བསྟུན་ འབྲུག་སྨྱོ་རྫས་བཀག་འཛིན་དབང་འཛིན་གྱིས་ སྨྱོ་རྫས་ཀྱི་ཐོ་ཚུ་ ནམ་ར་འབད་རུང་ དུས་མཐུན་བཟོ་ཆོག་ནི་ཨིན་པས།
སྨྱོ་རྫས་ཨིས་པཱསི་མོ་ པོ་རོག་སི་བཱོན་ པ་ལཱསི་དེ་ བཀག་དམ་ཅན་གྱི་ སྨྱོ་རྫས་ཀྱི་ཐོ་ནང་ མ་ཚུདཔ་ལས་ སྨྱོ་རྫས་དེ་ འཆང་སྤྱོད་འབད་བའི་ཤུལ་ལས་ འཛིན་བཟུང་འབད་མི་ཚུ་གིས་ སྨྱོ་རྫས་ཀྱི་ཐོ་ནང་ མ་བཀོད་མི་ལུ་བརྟེན་ ཁོང་ཆ་ཁྱབ་ རྩོད་བཤེར་འབད་དགོཔ་མེད་ཟེར་ ཁྲིམས་འདུན་ཚུ་ནང་ བདེན་ཁུངས་བཟང་ཡོདཔ་ཨིན་པས།
མངོན་མཐོ་ཁྲིམས་འདུན་གྱི་ དྲང་དཔོན་ཚུ་གིས་ འབྲུག་གི་ཞི་རྩོད་དང་ཉེས་རྩོད་བྱ་བའི་གནད་སྤྱོད་ཀྱི་ བཅའ་ཁྲིམས་༢༠༠༡ ཅན་མའི་ དོན་ཚན་༢༨ ནང་ བཀོད་མི་ལྟར་དུ་ ཁྲིམས་ཀྱི་རིང་ལུགས་ནང་ མ་ཚང་བའི་གནད་དོན་ལུ་ བར་འཛུལ་འབད་ཡོདཔ་ཨིན་པས།
བཅའ་ཁྲིམས་དེའི་ དོན་ཚན་དང་འཁྲིལཝ་ད་ བཅའ་ཁྲིམས་གང་རུང་ནང་ བརྡ་དོན་ངེས་མེད་ཡོད་པ་ཅིན་ མངོན་མཐོ་ཁྲིམས་མདུན་གྱི་ དྲང་དཔོན་གྲངས་མང་གི་ཐོག་ལས་ གྲོས་ཐག་བཅད་དགོ་ཟེར་ཡོདཔ་ཨིན་པས།
འཁྲུན་ཆོད་ཀྱིས་ བཅའ་ཁྲིམས་དེ་ རྩམ་པའི་སྐབས་ལུ་ སྤྱི་ཚོགས་ཀྱིས་ སྨྱོ་རྫས་གཞན་ཚུ་ཡང་ འགབ་དགོ་པའི་སྐོར་ལས་ གནད་དོན་ག་ནི་ཡང་ མ་ཚུད་མི་དེ་ འཛོལ་བ་སྦོམ་ཅིག་ཨིནམ་སྦེ་ བཀོད་ཡོདཔ་ད་ བཀག་དམ་ཅན་གྱི་སྨྱོ་རྫས་ཚུ་ ཟུར་དེབ་ནང་ བཙུགས་ཚར་ཡོདཔ་ལས་ བསྒྱུར་བཅོས་འབད་ནི་དེ་ སྤྱི་ཚོགས་ཀྱིས་རྐྱངམ་གཅིག་ འབད་ཆོག་ནི་ཨིན་པས།
རྒྱལ་ཁབ་ནང་ བཅའ་ཁྲིམས་ཚུ་ནང་ མ་འགབ་མི་ སྨྱོ་རྫས་གསརཔ་ལེ་ཤ་ཐོན་མི་ལུ་བརྟེན་ སྤྱི་ལོ་༢༠༠༥ ཅན་མའི་ འབྲུག་གི་སྨྱོ་རྫས་དང་ སེམས་ཁམས་འཁྲུགས་རྫས་ རྫས་རིགས་ལོག་སྤྱོད་བཅའ་ཁྲིམས་དེ་ འཕྲི་སྣོན་འབད་དགོཔ་ཐོན་ཡོདཔ་ད་ ཀེ་ཊ་མཱ་ཡེན་ཟེར་མི་ སྨྱོ་རྫས་དེ་ཡང་ སྤྱི་ལོ་༢༠༡༣ ལུ་ འབྲུག་པའི་ཨམ་སྲུ་ཅིག་གིས་ སྨྱོ་རྫས་དེ་ ཐའི་ལེནཌི་ལུ་འབག་འགྱོ་བའི་སྐབས་ སུ་བཱ་ན་ བུ་མི་གནམ་ཐང་ནང་ལྷོདཔ་ད་ འཛིན་བཟུང་འབད་བའི་ཤུལ་ལས་ རྒྱལ་ཁབ་ནང་ཡང་ བཀག་དམ་གྱི་ཐོ་ནང་ བཙུགས་དགོཔ་ཐོན་ཡོདཔ་ཨིན་པས།
ཀེ་ཊ་མཱ་ཡེན་དང་གཅིག་ཁར་ སྨྱོ་རྫས་གཞན་༡༨ ཡང་ བཀག་དམ་ཅན་གྱི་ཐོ་ནང་ བཙུགས་ཡོདཔ་ད་ ད་རེས་ ཟུར་དེབ་ཀྱི་ཐོ་ནང་ སྨྱོ་རྫས་རིགས་༢༥༥ ཡོདཔ་ཨིན་པས།
སྤྱི་ལོ་༢༠༡༥ ལས་ ད་ཚུན་གྱི་བར་ན་ མི་གྲངས་༥༥༤ དེ་ཅིག་ སྨྱོ་རྫས་དེ་ལུ་བརྟེན་ འཛིན་བཟུང་འབད་དེ་ཡོདཔ་ད་ ལ་ལོ་ཅིག་ རྩོད་བཤེར་འབད་བའི་བསྒང་དང་ ལ་ལོ་ཅིག་ བཙོན་ཁྲིམས་འབག་པའི་བསྒང་ཡོདཔ་ཨིན་པས།
ད་ལས་ཕར་ སྨྱོ་རྫས་ཨིས་པཱསི་མོ་ པོ་རོག་སི་བཱོན་ པ་ལཱསི་འཆང་སྤྱོད་འབད་དེ་ འཛིན་བཟུང་འབད་མི་ འབྲུག་གི་སེམས་ཁམས་འཁྲུགས་རྫས་དང་ རྫས་རིགས་ལོག་སྤྱོད་བཅའ་ཁྲིམས་༢༠༡༥ ཅན་མའི་ དོན་ཚན་༡༣༧ པ་དང་༡༣༩ པ་དང་འཁྲིལ་ འབད་ནི་ཨིན་པས།
དོན་ཚན་༡༣༧ པའི་ནང་ གལ་སྲིད་ གྲངས་ཚད་འདི་ བཅའ་ཁྲིམས་དེ་གི་ཟུར་དེབ་༧ པའི་ནང་ གཏན་འབེབས་བཟོ་ཡོད་པའི་ཚད་གཞི་ལས་ཉུང་རུང་ ཐོ་བཀོད་གྲུབ་པའི་དྲུང་འཚོ་ཅིག་ལས་ ཁྲིམས་མཐུན་ཉེར་སྤྱོད་ཀྱི་དོན་ལུ་ སྨན་ཡིག་བཏོན་མ་ཚུགས་པ་ཅིན་ རྩོད་ཟླ་ཅིག་ལུ་ བཅའ་ཁྲིམས་འདི་གི་ཟུར་དེབ་༣ པ་དང་ ༤ པའི་ནང་གསལ་ལྟར་གྱི་ སྨྱོ་རྫས་དང་ སེམས་ཁམས་འཁྲུགས་རྫས་ཚུ་ ཁྲིམས་འགལ་ཐོག་ བདག་བཟུང་འབད་བའི་གནོད་འགེལ་དེ་ ཉེས་སྐྱོན་ཕོག་དགོ་ཟེར་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ དོན་ཚན་༡༣༩ པའི་ནང་ རྩོད་ཟླ་ཅིག་ ཁྲིམས་འགལ་གྱི་སྨྱོ་རྫས་དང་ སེམས་ཁམས་འཁྲུགས་རྫས་ཚུ་ ཉེས་སྐྱོན་ཕོག་ནི་དེ་ཡང་ གལ་སྲིད་ མི་ཅིག་གིས་ བདག་བཟུང་དང་ ནང་འདྲེན་ ཕྱིར་ཚོང་ བསགས་བཞག་ ཉོ་བཙོང་ ཉོ་སྒྲུབ་ སྐྱེལ་འདྲེན་ བགོ་བཀྲམ་ ཡང་ན་ བཀྲམ་སྤེལ་འབད་བ་ཅིན་ དེ་ཡང་ གཙང་དག་གི་དབྱེ་བ་དང་ བཟོ་ཐངས་ཀྱི་ཁྱད་པར་ག་ཅི་ཡོད་རུང་ བཅའ་ཁྲིམས་དེའི་ཟུར་དེབ་༡ པ་དང་༢ པའི་ ནང་གསལ་ལྟར་གྱི་ རྫས་རིགས་གང་རུང་ ཡང་ན་ གཙང་དག་གི་དབྱེ་བ་དང་བཟོ་ཐངས་ཀྱི་ཁྱད་པར་ ག་ཅི་ཡོད་རུང་ བཅའ་ཁྲིམས་དེ་གི་ཟུར་དེབ་༣ པ་དང་༤ པའི་ ནང་གསལ་ལྟར་གྱི་ རྫས་རིགས་གང་རུང་ཟེར་ཡོད་མི་དང་འཁྲིལ་ ཕོག་ནི་ཨིན་པས།
སྒེར་གྱི་ལས་སྡེ་ཅིག་ནང་ལཱ་འབད་མི་ ཁྲིམས་རྩོདཔ་ ཡེ་ཤེས་དབང་འདུས་དང་ བསོད་ནམས་དོན་གྲུབ་༢ ཀྱི་མིང་དེ་ དྲང་ཁྲིམས་ལྷན་སྡེའི་ རྒྱལ་རབས་ནང་ ཚུད་ནི་ཨིན་མི་དེ་ཡང་ ཁོང་གཉིས་ཀྱིས་ སྨྱོ་རྫས་ཨིས་སཱསི་མོ་ པོ་རོ་སི་བཱོན་ པ་ལཱསི་དང་འབྲེལ་བའི་ འཁྲུན་ཆོད་ལུ་ མཐོ་གཏུགས་འབད་དེ་ བསྒྱུར་བཅོས་འབད་ཚུགས་མི་ལུ་བརྟེན་ཨིན་པས།
དེ་ཡང་ ཁོང་གཉིས་ཀྱིས་ ཆེ་མཐོ་ཁྲིམས་འདུན་ལུ་ མཐོ་གཏུགས་འགོ་བཙུགས་པའི་སྐབས་ལས་ར་ ཐོག་མའི་ཁྲིམས་འདུན་གྱིས་ སྤྱི་ལོ་༢༠༡༥ ལོའི་ འབྲུག་གི་སྨྱོ་རྫས་དང་སེམས་ཁམས་འཁྲུགས་རྫས་ རྫས་རིགས་ལོག་སྤྱོད་བཅའ་ཁྲིམས་ཀྱི་ དོན་ཚན་༡༣༩ པའི་༢ པ་དང་༡༤༡ པའི་༡ པ་དང་འཁྲིལ་ ཉེས་འཛུགས་བཀལ་མི་དེ་ རྩ་ལས་ཁྲིམས་མཐུན་མིན་འདུག་ཟེར་ ཞུ་ཡི།
ཡེ་ཤེས་དབང་འདུས་ཀྱིས་ སྤྱི་ཟླ་༧ པའི་ཚེས་༢༦ ལུ་ མངོན་མཐོ་ཁྲིམས་འདུན་གྱིས་ འཁྲུན་ཆོད་གནང་པའི་ཤུལ་ལས་ ཁོང་གི་དོན་ལུ་ཁེ་ཕན་མེད་རུང་ སྤྱིར་བཏང་ལུ་ ཕན་ཐོགས་པའི་ རེ་བ་ཡོད་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

ཆུའི་གཙོ་རིམ་ལས་འགུལ་ལུ་བརྟེན་ འཐུང་ཆུ་དང་ ཞིང་ཆུའི་དཀའ་ངལ་སེལ་ཐབས་འབད་ནི།

༉ བུམ་ཐང་ ཨུ་ར་རྒེད་འོག་ སྟངས་སི་སྦིས་སྤྱི་འོག་གི་ མི་སེར་ཚུ་ ཟླཝ་༣ གྱི་རྒྱབ་ལས་ ཨ་རྟག་བཟུམ་སྦེ་ ཆུའི་དཀའ་ངལ་མི་འབྱུང་ནི་ཨིན་མི་དེ་ཡང་ ཆུའི་གཙོ་རིམ་ལས་འགུལ་འོག་ གཞུང་དང་བདེ་སྲུང་མཉམ་འབྲེལ་ཐོག་ ཞིང་ཆུ་དང་འཐུང་ཆུའི་ལས་འགུལ་ འགོ་བཙུགས་ནི་དེ་གིས་ཨིན་པས། ཁ་ཙ་ ལས་འགུལ་གྱི་ …

Leave a Reply

Your email address will not be published. Required fields are marked *