ཨཱསི་ཊེ་ལི་ཡ་ལུ་ འབྲུག་གི་སྐད་ཡིག་སློབ་གྲྭ་དང་པ་ གཞི་བཙུགས་འབད་ནིའི་ལས་འཆར།

༉ དུས་ཅི་ སྤྱི་ཟླ་༧ པའི་ནང་ ཨཱསི་ཊེ་ལི་ཡའི་ཁྲོམ་སྡེ་ པརཐ་ལུ་ འབྲུག་པའི་སྐད་ཡིག་སློབ་གྲྭ་འགོ་དང་པ་ གཞི་བཙུགས་འབད་ཚུགས་པའི་ རེ་བ་ཡོདཔ་ཨིན་པས།

ཨཱསི་ཊེ་ལི་ཡ་དེ་ འབྲུག་མི་མང་ཤོས་ཅིག་གིས་ དཔེ་ཆ་ལྷབ་ནི་དང་ ལཱ་འབད་དགོ་མནོ་བའི་ ཕྱིའི་རྒྱལ་ཁབ་ཅིག་ཨིནམ་ད་ ད་རེས་ ཨཱསི་ཊེ་ལི་ཡའི་ ཁྲོམ་སྡེ་ཁག་སོ་སོའི་ནང་ འབྲུག་མི་༡༧,༠༠༠ ལྷགཔ་ཅིག་ཡོད་མི་ལས་ མང་ཤོས་ར་ པརཐ་ལུ་ཡོདཔ་ཨིན་པས།

ཨེ་ཇུ་ཀེ་ཤཱན་པོ་རོ་གཞི་བཙུགས་འབད་མི་ རྟ་མགྲིན་རྡོ་རྗེ་དང་འཁྲིལ་བ་ཅིན་ ཨཱསི་ཊེ་ལི་ཡའི་ ཁྲིམས་ལུགས་དང་འཁྲིལཝ་ད་ སྐྱེས་ལོ་༥ ཡན་ཆད་འབད་མི་ ཨ་ལོ་ཚུ་ ངེས་པར་དུ་ སློབ་གྲྭའི་ནང་ འཛུལ་དགོཔ་ལས་ ད་རེས་ པརཐ་རྐྱངམ་གཅིག་ལུ་ར་ འབྲུག་པའི་ཨ་ལོ་༥༠༠ དེ་ཅིག་ སློབ་གྲྭའི་ནང་ འགྱོ་དོ་ཟེར་ཨིན་པས།

ཨིན་རུང་ ཨ་ལོ་ཚུ་ རྒྱལ་ཡོངས་སྐད་ཡིག་ རྫོང་ཁ་ལྷབ་སྦྱང་འབད་ནིའི་ གོ་སྐབས་མེད་པའི་ཁར་ ཕམ་ཚུ་གིས་འབད་རུང་ སྟོན་བྱིན་ནིའི་ དུས་ཚོད་མི་འཐོབ་དོ་ཡོདཔ་ལས་ སློབ་གྲྭ་དེ་གིས་ ཨཱསི་ཊེ་ལི་ཡ་ལུ་སྡོད་མི་ འབྲུག་མི་དང་ ཨ་ལོ་ཚུ་ ཕན་ཐོགས་སྦོམ་ འབྱུང་ཚུགས་པའི་ རེ་བ་ཡོདཔ་ཨིན་པས།

རྟ་མགྲིན་རྡོ་རྗེ་གིས་ སླབ་དོ་བཟུམ་འབད་བ་ཅིན་ མ་འོངས་ཡུན་རིང་ལུ་ ན་གཞོན་ཨ་ལོ་ཚུ་གིས་ རྫོང་ཁ་སྣང་མེད་བཞག་ནིའི་ ཉེན་ཁ་ཡོད་པའི་ཁར་ རྒྱལ་ཁབ་ཀྱི་དམིགས་ཡུལ་ རྒྱལ་ཡོངས་སྐད་ཡིག་དང་ ལམ་སྲོལ་མི་ཉམས་གོང་འཕེལ་གཏང་ནི་དང་ རྒྱུན་སྐྱོང་འབད་ནི་ལུ་ དཀའ་ངལ་འཐོན་འོང་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནང་ རྫོང་ཁའི་ཤེས་ཚད་མེད་མི་ལུ་བརྟེན་ ལོག་རྒྱལ་ཁབ་ནང་ ལྷོད་ཞིནམ་ལས་ ཕམ་ཚུ་གིས་ ཨ་ལོ་ཚུ་ སློབ་གྲྭ་ནང་ བཙུགས་པའི་སྐབས་ ལོག་དཔེ་ཆ་ལྷབ་དགོཔ་ ཡང་ཅིན་ ལོ་༡ ཤུལ་མ་སྦེ་ འཛུལ་དགོ་པའི་ གདོང་ལེན་ཚུ་བྱུང་སར་ མཐོང་ཅི་ཟེར་ཨིན་པས།

དེ་འབདཝ་ལས་ འབྲུག་པའི་སྐད་ཡིག་སློབ་གྲྭ་དེ་གིས་ རིག་གསར་གྱི་ ལས་རིམ་ཚུ་གི་ཐོག་ལས་ རྒྱལ་ཡོངས་སྐད་ཡིག་དང་ ལམ་སྲོལ་ཚུ་གི་ ལྟེ་བ་ཅིག་སྦེ་ གནས་ཚུགས་པའི་ རེ་བ་ཡོདཔ་ད་ སློབ་གྲྭ་དེ་ནང་ ཤེས་རིག་ལྷན་ཁག་དང་ རྒྱལ་གཞུང་ཤེས་རིག་ཚོགས་སྡེའི་ ལས་སྟོན་དང་འཁྲིལ་ སློབ་རིམ་བློ་གསར་ལས་ སློབ་རིམ་༡༠ པ་ཚུན་གྱི་ སློབ་སྟོན་འབད་ནི་ཨིན་པས།

ཨེ་ཇུ་ཀེ་ཤཱན་པོ་རོ་ལས་ གནས་ཚུལ་གསར་བཏོན་དང་འཁྲིལཝ་ད་ སློབ་གྲྭ་དེ་ ཨཱསི་ཊེ་ལི་ཡ་ལུ་སྡོད་མི་ འབྲུག་མི་དང་ ཨ་ལོ་ཚུ་གིས་ རྒྱལ་ཡོངས་སྐད་ཡིག་དང་ རྒྱལ་རབས་ ལམ་སྲོལ་དང་ ཞབས་ཁྲ་ལ་སོགས་ཚུ་ ལྷབ་སྦྱང་འབད་སའི་ ལམ་སྲོལ་ལྟེ་བ་ལུ་ འགྱུར་འོང་ཟེར་ཨིནམ་ད་ ལྟེ་བ་དེ་ ཨཱསི་ཊེ་ལི་ཡའི་ མི་ཚུ་དང་གཅིག་ཁར་ འབྲེལ་བ་འཐབ་ཐོག་ ལམ་སྲོལ་ཚུ་ བརྗེ་སོར་འབད་དེ་ གོང་འཕེལ་གཏང་ནིའི་ ས་གོ་དང་པ་ཅིག་སྦེ་ གནས་འོང་ཟེར་ཨིན་པས།

རྟ་མགྲིན་རྡོ་རྗེ་གིས་ སླབ་མིའི་ནང་ སློབ་སྟོན་འབད་ནིའི་དོན་ལུ་ ཨཱསི་ཊེ་ལི་ཡ་ལུ་སྡོད་མི་ སྦྱོང་བརྡར་དང་ཤེས་ཚད་ དེ་ལས་ ཉམས་མྱོང་ཡོད་མི་ སློབ་སྟོན་པ་ཚུ་ གཞི་བཙུགས་འབད་ནི་ཨིནམ་ད་ པརཐ་ལུ་ མོ་བཏབ་ཀྱི་ ལས་འགུལ་དེ་ ལེགས་ཤོམ་འགྱོ་བ་ཅིན་ ཨཱསི་ཊེ་ལི་ཡའི་ ས་གནས་གཞན་ཚུ་ནང་ཡང་ གཞི་བཙུགས་འབད་འོང་ཟེར་ཨིན་པས།

ལས་འགུལ་དེ་ལུ་ བགོ་བཤའ་འཆང་ཐོག་ མ་རྩ་ཌོ་ལར་ས་ཡ་༡ དེ་ཅིག་སྦེ་ གཞི་བཙུགས་འབདཝ་བཞིན་དུ་ སློབ་གྲྭ་དེ་གིས་ རྩ་གཞུང་ཚུ་ ཚད་ལྡན་བཟོ་ནིའི་དོན་ལུ་ ཟླཝ་༢ ཀྱི་ གྲོས་འཛོམས་ཅིག་ འགོ་འདྲེན་འཐབ་ནི་ཨིནམ་ད་ སློབ་གྲྭ་དེ་ རྟ་མགྲིན་རྡོ་རྗེ་དང་ འབྲུག་གི་གསུང་སྐད་འགོ་འདྲེན་འཐབ་མི་ བཙན་སྐྱོགས་རྡོ་རྗེ་༢ ཀྱིས་ གཞི་བཙུགས་འབད་ནི་ཨིན་པས།

རྒྱལ་ཁབ་ནང་ སྐད་ཡིག་དང་ ལམ་སྲོལ་སྤེལ་ཁང་གི་ ཇོ་བདག་ཅིག་ཨིན་པའི་ ཉམས་མྱོང་ཡོདཔ་ལས་ ཡོངས་གྲགས་ལུ་ ཊོ་ལི་ཟེར་སླབ་མི་ ཀུན་ལེགས་རྒྱལ་མཚན་དེ་ སློབ་གྲྭའི་ཞིབ་འཚོལ་མདོ་ཆེན་སྦེ་ ལཱ་འབད་ནི་ཨིན་པའི་གནས་ཚུལ།

སྐལ་བཟང་དབང་ཕྱུག། 

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *