ཇོ་མོ་གཙང་ཁ་སྨན་ཁང་ནང་ གཞི་བཙུགས་འབད་མི་ ཨཱལ་ཊ་ ས་འུནཌ་དང་ གློག་པར་ཚུ།

ཨཱལ་ཊ་ ས་འུནཌ་དང་ གློག་པར་ཞབས་ཏོག་ གཞི་བཙུགས་ཀྱིས་ ཕན་ཁྱད་བྱུང་དོ་ཡོདཔ།

༉ བསམ་གྲུབ་ལྗོངས་མཁར་ ཇོ་མོ་གཙང་ཁ་སྨན་ཁང་ནང་ ཨཱལ་ཊ་ ས་འུནཌ་དང་ གློག་པར་གྱི་ ཞབས་ཏོག་ལྷོད་མི་ལུ་བརྟེན་ ད་ལས་ཕར་ མི་ཚུ་ རྒྱ་གར་ཨུ་དཱལ་གུ་རི་དང་ བསམ་གྲུབ་ལྗོངས་མཁར་ལུ་ འགྱོ་མ་དགོ་པའི་ ཕན་ཁྱད་འབྱུང་ནི་ཨིན་པས།

ཌོག་ཊར་ར་ར་ཡཱན་ རི་ཟལ་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ ཞབས་ཏོག་དེ་ ལོ་༡ དེ་ཅིག་གི་ ཧེ་མ་ལས་ ཐོབ་ཡོད་རུང་ འཕྲུལ་རིག་ལག་ལེན་པ་དེ་ དུས་ཅི་ ལོ་འགོ་བཙུགས་ཁམས་ལུ་ ལྷོད་ཅི་ཟེར་ཨིནམ་ད་ ཨཱལ་ཊ་ ས་འུནཌ་གི་ འཕྲུལ་ཆས་ལུ་ དུམ་གྲ་ཅིག་ དཀའ་ངལ་ཡོད་རུང་ ལག་ལེན་འཐབ་ཤེས་མི་མེདཔ་ལས་ དཀའ་ངལ་དེ་ བདའ་ཟུན་མ་ཚུགས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ལས་སྡེ་ནང་ལས་ མཁས་མཆོག་ཚུ་ འོང་ཞིནམ་ལས་ དཀའ་ངལ་སེལ་ཐབས་འབདཝ་ལས་ དུས་ཅི་ སྤྱི་ཟླ་༤ པའི་ནང་ལས་ ཞབས་ཏོག་སྤྲོད་ནི་ འགོ་བཙུགས་མི་ལུ་བརྟེན་ སྤྱིར་བཏང་མི་སེར་དང་ ལྷག་པར་དུ་ ཨ་ལོ་ཆགས་མི་ ཨམ་སྲུ་ཚུ་ལུ་ ཕན་ཐོགས་བྱུང་ཡི་ཟེར་ཨིན་པས།
དེ་ཁའི་ མི་སེར་ཚུ་ མཐའ་ཟུར་ལུ་ སྡོད་དོ་ཡོདཔ་མ་ཚད་ འབྲི་ལྷག་ཤེས་ཡོན་མེད་མི་ལུ་བརྟེན་ ཨཱལ་ཊ་ ས་འུནཌ་དང་ སྨན་པ་ཚུ་གིས་ ཨ་ལོ་མ་སྐྱེ་བའི་ ཧེ་མར་བྱིན་མི་ གཅེས་སྐྱོང་ཚུ་གི་ ཁེ་ཕན་ཚུ་ ཧ་གོ་ནི་ལུ་ ལཱ་ཁག་འདུག་ཟེར་ཨིན་པས།
ཧེ་མ་འབད་བ་ཅིན་ ཇོ་མོ་གཙང་ཁ་སྨན་ཁང་ནང་ སྨན་བཅོས་འབད་བར་འོང་མི་ནདཔ་ཚུ་ ཨཱལ་ཊ་ ས་འུནཌ་རྐྱབ་ནི་དང་ གློག་པར་བཏབ་དགོཔ་འཐོན་པ་ཅིན་ རྒྱ་གར་ཨུ་དཱལ་གུ་རི་དང་ ཡང་ཅིན་ བསམ་གྲུབ་ལྗོངས་མཁར་སྨན་ཁང་ནང་ འགྱོ་དགོ་དོ་ཡོདཔ་ཨིན་པས།
ཌོག་ཊར་གྱིས་ སླབ་མིའི་ནང་ ཨཱལ་ཊ་ ས་འུནཌ་དེ་ ཨ་ལོ་ཆགས་མིའི་ གནད་དོན་རྐྱངམ་གཅིག་ལུ་མེན་པར་ མཁལ་རྡོག་ལ་སོགས་པའི་ ནད་རིགས་བརྟག་དཔྱད་འབད་ནི་ལུ་ཡང་ ཕན་ཐོགས་ཡོད་པའི་ཁར་ ནདཔ་ཚུ་ སྨན་ཁང་གཞན་ཁར་ གཏང་ནི་ཡང་ མར་ཕབ་འབད་ཚུགས་ཟེར་ཨིནམ་ད་ ཧེ་མར་ ཨཱལ་ཊ་ ས་འུནཌ་རྐྱངམ་གཅིག་གི་དོན་ལས་ བསམ་གྲུབ་ལྗོངས་མཁར་ལུ་ གཏང་དགོཔ་ཐོན་ནུག།
ཁོ་གིས་འབད་བ་ཅིན་ ད་ལྟོ་ གློག་པར་གྱི་དོན་ལུ་ འཕྲུལ་ཆས་དག་པ་ཅིག་མེད་པར་ ཞབས་ཏོག་སྤྲོད་མ་ཚུགས་པར་ཡོད་རུང་ ལས་སྡེ་ལུ་ ཡི་གུ་བྲིས་ཡོདཔ་མ་ཚད་ སྨན་ཁང་གཞན་ཁར་ འཕྲུལ་ཆས་ཐེབས་ཡོད་མི་ཚུ་ འབག་འོང་ནི་ཨིནམ་ལས་ སྤྱི་ཟླ་༧ པ་དེ་ཅིག་ལས་ ཞབས་ཏོག་སྤྲོད་ཚུགས་ཟེར་ཨིན་པས།
དེ་བཟུམ་སྦེ་ དོན་ཧིང་དང་འབྲེལ་བའི་ ནད་གཞི་བརྟག་དཔྱད་འབད་ནིའི་དོན་ལུ་ ཨི་སི་ཇི་འཕྲུལ་ཆས་དགོཔ་དེ་ཡང་ ཁག་ཆེ་མི་ལུ་བརྟེན་ འབྲེལ་ཡོད་དབང་འཛིན་དང་ ལྷན་ཁག་ལུ་ སྙན་ཞུ་འབད་དེ་ཡོདཔ་ལས་ གནད་དོན་དེ་ལུ་ ཞིབ་དཔྱད་འབད་བའི་བསྒང་ ཡོད་ཟེར་ཨིན་པས།
ཇོ་མོ་གཙང་ཁ་ལས་ བཀྲིས་ཀྱིས་ སླབ་མིའི་ནང་ ཧེ་མར་ སྒལ་ཏོ་ན་ནི་དང་ གློ་ནད་ཐོབ་སྟེ་ ཟླཝ་༡ ལྷག་ཙམ་ སོང་མི་ལུ་བརྟེན་ སྨན་ཁང་ནང་ འགྱོ་བའི་སྐབས་ ཌོག་ཊར་གྱིས་ བད་ཀན་ཨིན་པའི་ དོགས་པ་ཡོདཔ་ལས་ གློག་པར་བཏབ་པར་ ཨུ་དཱལ་གུ་རི་ལུ་ འགྱོ་དགོཔ་སྦེ་ སླབ་དེས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ རྒྱ་གར་ལུ་ མི་རློབས་ལེ་ཤ་ཡོད་མི་ལུ་བརྟེན་ གྱལ་ནང་སྡོད་དགོཔ་ལས་ ལཱ་ཁག་འདུག་ཟེར་ཨིནམ་ད་ འཕྲལ་འཕྲལ་ ཉིནམ་༣ དེ་ཅིག་སོང་རུང་ བརྟག་དཔྱད་འབད་མ་ཚུགས་པའི་ དཀའ་ངལ་ཡོད་པའི་ཁར་ ཌོག་ཊར་དང་ ཞབས་ཏོག་གི་དོན་ལུ་ འཐུས་དངུལ་ཀྲམ་༥༥༠ རེ་ སྤྲོད་དགོཔ་ལས་ མི་ཉམ་ཆུང་ཚུ་གི་དོན་ལུ་ ཟད་འགྲོ་བར་སྟོང་ཨིནམ་ལས་ ད་ལས་ཕར་ ཇོ་མོ་གཙང་ཁ་སྨན་ཁང་ནང་ ཞབས་ཏོག་ཏེ་ཚུ་ ལྷོད་ནི་དེ་གིས་ རྒྱ་གར་ལུ་ འགྱོ་མ་དགོ་པའི་ ཕན་ཐོགས་འབྱུང་ནི་མས་ཟེར་ཨིན་པས།
ལྷ་སྒྲུབ་རྡོ་རྗེ་གིས་ སླབ་མིའི་ནང་ ཌོག་ཊར་གྱིས་ སླབ་མི་དང་བསྟུན་ ཨུ་དཱལ་གུ་རི་ལུ་སོང་རུང་ འཕྲལ་འཕྲལ་ར་ འགྲུལ་བཀག་ལུ་བརྟེན་ ཐབས་མེད་པར་ བརྟག་དཔྱད་མ་འབད་བར་ སྡོད་དགོཔ་ཐོནམ་མས་ཟེར་ཨིནམ་ད་ ཞབས་ཏོག་ཐོབ་རུང་ བློ་གཏད་མི་ཚུགས་པས་ཟེར་ཨིན་པས།
ལའུ་རི་ལས་ སྐྱེས་ལོ་༢༨ ལང་མི་ དམ་ཆོས་ལྷ་འཛིན་གྱིས་ སླབ་མིའི་ནང་ ཨ་ལོ་ཆགས་མི་ མོ་གི་ ཨ་ཞེམོ་དེ་ ཇོ་མོ་གཙང་ཁ་སྨན་ཁང་ནང་ སྐྱེལ་བའི་སྐབས་ ཌོག་ཊར་གྱིས་ ཨཱལ་ཊ་ ས་འུནཌ་རྐྱབ་པར་ ཨུ་དཱལ་གུ་རི་དང་ ཡང་ཅིན་ བསམ་གྲུབ་ལྗོངས་མཁར་ལུ་ འབག་དགོཔ་སྦེ་སླབ་རུང་ ཕམ་ཉམ་ཆུང་འབདཝ་ལས་ འབག་མ་ཚུགས་ཟེར་ཨིནམ་ད་ ལའུ་རི་དེ་ ཇོ་མོ་གཙང་ཁ་ལས་ ཀི་ལོ་མི་ཊར་༦༢ དེ་ཅིག་གི་ས་ཁར་ ཡོདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ ད་རེས་ ཇོ་མོ་གཙང་ཁ་སྨན་ཁང་ནང་ ཞབས་ཏོག་དེ་ཚུ་ ལྷོད་མི་ལུ་བརྟེན་ ད་ལས་ཕར་ མོ་བཟུམ་མའི་ མི་སེར་ཉམ་ཆུང་ཚུ་ ཨུ་དཱལ་གུ་རི་དང་ ཡང་ཅིན་ བསམ་གྲུབ་ལྗོངས་མཁར་ལུ་ འགྱོ་མ་དགོ་པའི་ ཕན་ཐོགས་འབྱུང་ནི་མས་ཟེར་ཨིནམ་ད་ འདས་པའི་ཟླཝ་༢ ནང་ ཇོ་མོ་གཙང་ཁ་སྨན་ཁང་གིས་ མི་༡༢༥ དེ་ཅིག་ལུ་ ཨཱལ་ཊ་ ས་འུནཌ་གི་ ཞབས་ཏོག་སྤྲོད་ཡོད་པའི་གནས་ཚུལ།

ཇོ་མོ་གཙང་ཁ་ལས་ སྐལ་བཟང་དབང་ཕྱུག།

About admin

Check Also

དྲིན་ཅན་ཕམ་ལུ་ དྲིན་ལན་འཇལ་དགོ་པའི་རྒྱབ་ཁུངས་དང་ དྲིན་ལན་འཇལ་ནིའི་ཐབས་ལམ།

༉ རང་ཟླ་༩ པའི་ཚེས་༢༢ ལུ་ ལྷ་བབས་དུས་ཆེན་གྱི་ཉིནམ་འདི་ དྲིན་ཅན་ཕ་མའི་ཉིནམ་སྦེ་ བརྩི་སྲུང་ཞུཝ་ཨིན།  དེ་སྦེ་བརྩི་སྲུང་འབད་དགོ་པའི་ དམིགས་ཡུལ་གཙོ་བོ་ར་ དྲིན་ཅན་ཕམ་ལུ་ དྲིན་ལན་འཇལ་དགོཔ་ ཁག་ཆེཝ་ཨིནམ་ ཤེས་ནིའི་དོན་ལུ་ཨིན། ཕམ་ཚུ་ལུ་ དྲིན་ལན་འཇལ་དགོ་པའི་ཁུངས་ …

Leave a Reply

Your email address will not be published. Required fields are marked *