གཟུགས་ཀྱི་ནང་ཁོང་བརྟག་དཔྱད་འབད་བར་འོང་མི་ ཨམ་སྲུ་ཚུ།

ཨཱལ་ཊ་སའུན་བརྟག་དཔྱད་འཕྲུལ་ཆས་ ལོག་ལག་ལེན་འཐབ་ཚུགས་ཡོདཔ།

༉ རྩི་རང་འགྲམ་ཕུག་སྨན་ཁང་ནང་ ཨཱལ་ཊ་སའུན་ཟེར་མི་ གཟུགས་ཀྱི་ནང་ཁོང་བརྟག་དཔྱད་འབད་ནིའི་ འཕྲུལ་ཆས་དེ་ ལོག་ལག་ལེན་འཐབ་ནི་ འགོ་བཙུགས་ཡོདཔ་ཨིན་པས།

ལྷག་པ་བདེ་སྐྱིད་མོ་དེ་ དྲོ་པའི་ཆུ་ཚོད་༩ དེ་ཅིག་ཁར་ རྩི་རང་དར་ཅ་སྒང་ལུ་ ལཱ་འབད་སའི་ས་ཁོངས་ནང་ལྷོདཔ་ཅིག་ མོ་རའི་ཆ་རོགས་ལས་ འགྲུལ་འཕྲིན་ལྷོད་ཡོདཔ་ད་ དེ་བསྒང་ མོ་གི་ཆ་རོགས་ཀྱིས་ འགྲམ་ཕུག་སྨན་ཁང་ནང་ ནང་ཁོང་བརྟག་དཔྱད་འབད་ནི་དེ་ ལོག་འགོ་བཙུགས་ནུག་ཟེར་ སླབ་ཡོདཔ་ཨིན་པས།

མོ་གིས་ དེ་འཕྲོ་ལས་ ཁྱིམ་ནང་ མགུ་ཏོག་འཁྱུ་ཞིནམ་ལས་ སྨན་ཁང་ནང་སོང་ཡོདཔ་ད་ མོ་གིས་སླབ་དོ་བཟུམ་འབད་བ་ཅིན་ ནང་ཁོང་བརྟག་དཔྱད་འབད་ནིའི་དོན་ལུ་བསྒུགས་ཏེ་ ཟླཝ་༡ ལྷག་སོ་ཡི་ཟེར་ཨིནམ་ད་ འགྲམ་ཕུག་སྨན་ཁང་ནང་ ཞབས་ཏོག་ལོག་འགོ་བཙུགས་མི་དེ་གིས་ མོ་ར་ སེམས་དགའ་ཡི་ཟེར་ཨིན་པས།

དེ་མིན་པ་ཅིན་ དགེ་ལེགས་ཕུག་སྨན་ཁང་ནང་ འགྱོ་དགོཔ་འཐོན་ནི་ཨིནམ་ལས་ ཉམས་འཚེར་བས་ཟེར་ཨིན་པས།

སྐྱེས་ལོ་༢༨ ལང་མི་ ལྷག་པ་བདེ་སྐྱིད་ལུ་ ཨ་ལོ་༡ ཡོད་པའི་གུ་ ད་རུང་ ཨ་ལོ་སྐྱེ་ནི་ཡོདཔ་ད་ མོ་ར་ ཆབ་གསང་དང་འབྲེལ་བའི་ནད་གཞི་ཐོབ་ཡོདཔ་ལས་ ནང་ཁོང་བརྟག་དཔྱད་འབད་དགོཔ་སྦེ་ སླབ་ཡོདཔ་ཨིན་པས།

ལྷག་པ་བདེ་སྐྱིད་བཟུམ་སྦེ་ གཞན་མི་ནདཔ་དག་པ་ཅིག་ཡང་ ནང་ཁོང་བརྟག་དཔྱད་ཞབས་ཏོག་ འགོ་བཙུགས་མི་དེ་གིས་ སེམས་དགའ་སྟེ་ཡོདཔ་ད་ འཕྲུལ་ཆས་དེ་ མེདཔ་ཐལ་ཏེ་ ཟླཝ་༡ དེ་ཅིག ལང་ཡོདཔ་ཨིན་པས།

འཕྲུལ་ཆས་རྒྱུན་སྐྱོང་འབད་དེ་ སྤྱི་ཟླ་༥ པའི་ཚེས་༡༠ ལས་ ལོག་ཞབས་ཏོག་སྤྲོད་ནི་ འགོ་བཙུགས་ཡོདཔ་ལས་ ཁ་ཙ་ཉིནམ་གཅིག་ནང་ ནང་ཁོང་བརྟག་དཔྱད་འབད་མི་ནདཔ་༡༥ འོང་ཡོདཔ་ཨིན་པས།

སྨན་ཁང་གི་ འགོ་དཔོན་ཅིག་གིས་ སླབ་དོ་བཟུམ་འབད་བ་ཅིན་ ནང་འཁོད་བརྟག་དཔྱད་འཕྲུལ་ཆས་དེ་ ལཱ་ལེགས་ཤོམ་སྦེ་ འབད་བཏུབ་ནི་དེ་གིས་ འགྲམ་ཕུག་སྨན་ཁང་ནང་ ཉིནམ་རེ་ལུ་ ནདཔ་༡༥ ལས་༢༠ གི་བར་ན་ བརྟག་དཔྱད་ཚུ་ འབད་བྱིན་དོ་ཟེར་ཨིན་པས།

སྐྱེ་ལྡན་སྨན་བཅོས་འཕྲུལ་ཆས་སྡེ་ཚན་གྱི་སྤྱི་ཁྱབ་ བཀྲིས་དཔལ་འབྱོར་གྱིས་ སླབ་མིའི་ནང་ ནང་ཁོང་འཕྲུལ་ཆས་དེ་ ན་ཧིང་སྤྱི་ཟླ་༡༢ པའི་ཟླ་མཇུག་ཁམས་ཅིག་ཁར་ མེདཔ་ཐལ་ཏེ་ འཕྲུལ་ཆས་ཀྱི་ ནང་ན་ཡན་ལག་ཅ་ཆས་༢ མེདཔ་ཐལ་ཏེ་ ལོག་མཁོ་སྒྲུབ་འབད་ནི་སྦེ་ རྒྱ་གར་གྱི་བཀྲམ་སྤེལ་བ་གཅིག་ཁར་ འབྲེལ་བ་འཐབ་པའི་སྐབས་ ཅ་ཆས་དང་ཞབས་ཏོག་ཁྲལ་གྱི་ གནད་དོན་ལུ་བརྟེན་ ཕྱིས་སོཔ་སྦེ་ཨིན་པས།

མ་གཞི་ སྨན་ཁང་གི་ཁ་ཐུག་ལས་ ག་དེས་མགྱོགས་མགྱོགས་ བཟོ་ནིའི་རྩིས་མ་རྐྱབ་མེན་ཟེར་ཨིན་པས།

འཕྲུས་ཆས་དེ་ དུས་ཅི་ སྤྱི་ཟླ་༣ པའི་ཚེས་༢༣ ལུ་ ལོག་བཟོ་ཚར་བའི་ཤུལ་ལུ་ ད་རུང་ སྤྱི་ཟླ་༤ པའི་ཚེས་༡༢ ལུ་ ལོག་མེདཔ་ཐལ་ཡོདཔ་ཨིན་པས།

འཕྲུལ་ཆས་རྒྱུན་སྐྱོང་འཐབ་སྟེ་ ཉིན་གྲངས་༢༠ གྱི་ནང་འཁོད་ལུ་ ནདཔ་༧༠ དེ་ཅིག་ལུ་ ནང་ཁོང་བརྟག་དཔྱད་ཀྱི་ ཞབས་ཏོག་ཚུ་ བྱིན་ཚུགས་ཏེ་ཡོདཔ་སྦེ་ཨིན་པས།

བཀྲིས་དཔལ་འབྱོར་གྱིས་འབད་བ་ཅིན་ འཕྲུལ་ཆས་ཚུ་ མེདཔ་ཐལ་བའི་སྐབས་ ནང་འཁོད་ཀྱི་ འཕྲུལ་རིགཔ་ཚུ་གིས་ བཟོ་ཚུགས་པ་ཅིན་ དུས་ཚོད་གངམ་མི་འགོར་ནི་ཨིན་རུང་ འཕྲུལ་ཆས་མེདཔ་ཐལཝ་ད་ རྒྱ་གར་གྱི་བཀྲམ་སྤེལ་བ་དང་ ཁོང་གི་འཕྲུལ་རིགཔ་དང་འཁྲིལ་དགོ་ནི་དེ་གིས་ དུས་ཚོད་འགོར་ཡོདཔ་སྦེ་ཨིན་པས།

དུས་ཅི་ སྤྱི་ཟླ་༤ པའི་ཚེས་༡༢ ལུ་ མེདཔ་ཐལ་པའི་སྐབས་ལུ་ འཕྲུལ་ཆས་ཀྱི་ ནང་ན་ཡན་ལག་༢ མེདཔ་ཐལ་ཡོདཔ་བཞིན་དུ་ རྒྱ་གར་གྱི་འཕྲུལ་རིགཔ་ཚུ་ འབོ་ཞིནམ་ལས་རྐྱངམ་གཅིག་ ཉམས་བཅོས་འབད་ནི་དཔའ་བཅམ་ཡོད་རུང་ ཁོང་གིས་ བཟོ་མ་ཚུགསཔ་ལས་ ཡན་ལག་ཚུ་ ལོག་རྒྱ་གར་ལུ་འབག་ཞིནམ་ལས་ ཚབ་འབག་འོང་སྟེ་ བཙུགས་ཡོདཔ་ཨིན་པས།

རྒྱ་གར་ལས་ ཡན་ལག་ཚུ་ སྤྱི་ཟླ་༥ པའི་ཚེས་༡༠ ལུ་ ལྷོདཔ་ཅིག་ དེ་འཕྲོ་ལས་ ཞབས་ཏོག་འགོ་བཙུགས་ཡོདཔ་ཨིན་པས།

ཁོ་གིས་འབད་བ་ཅིན་ རྒྱལ་ཁབ་ནང་ འཕྲུལ་ཆས་མེདཔ་ཐལ་མི་དེ་ཡང་ མང་ཆེ་ཤོས་ཅིག་ གློག་རྒྱུན་ཏན་ཏན་མེད་ནི་དེ་གིས་ ཨིན་ཟེར་ཨིན་པས།

རྩི་རང་གི་ སྨན་ཁང་གསརཔ་ བཟོ་སྐྲུན་འབད་ཚར་ཞིནམ་ལས་ སྤུས་ཚད་ཅན་གྱི་ གློག་མེ་བཀྲམ་སྤེལ་འབད་བའི་ཤུལ་ལུ་ འཕྲུལ་ཆས་མེདཔ་ཐལ་ནི་དེ་ཡང་ མར་འབབ་འགྱོ་བའི་རེ་བ་བསྐྱེད་དོ་ཟེར་ བཀྲིས་དཔལ་འབྱོར་གྱིས་ བཤདཔ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

About admin

Check Also

སྣུམ་འཁོར་ཤུགས་ཚད་དང་ལྡནམ་སྦེ་གཏང་དགོ་པའི་ཞུ་བ།

༉ ཤར་ཕྱོགས་དང་ ནུབ་ཕྱོགས་ཀྱི་བར་ན་ གཞུང་ལམ་རྒྱ་སྐྱེད་འབད་དོ་ཡོདཔ་ལས་ ཕར་ཚུར་རྒྱུན་འགྲུལ་འཐབ་མི་ཚུ་ལུ་ དུས་ཡུན་མར་ཕབ་འབད་ནི་དང་ སྣུམ་འཁོར་ཚུ་ཡང་ འཁོར་ལམ་ལེགས་ཤོམ་ནང་ འགྲོ་འགྲུལ་འབད་ནིའི་ གོ་སྐབས་ཡོདཔ་ལས་ ག་རང་ལུ་ ཁེ་ཕན་བྱུང་ཡོདཔ་ཨིན་རུང་ སྣུམ་འཁོར་ཤུགས་ཚད་དང་ལྡནམ་སྦེ་ མ་གཏང་པ་ཅིན་ ཐུག་རྐྱེན་འབྱ྄ང་ཉེན་སྦོམ་འདུག་ཟེར་ཞུ་ནི། …

Leave a Reply

Your email address will not be published. Required fields are marked *