ཨར་རྐུན་དང་ མ་བྱིན་པར་ལེན་པའི་ བྱ་ངན་འཐབ་ཐངས།

༉ ཧེ་མ་འབད་བ་ཅིན་ བསམ་གྲུབ་ལྗོངས་མཁར་ཁྲོམ་སྡེའི་ནང་ ཉེས་ལས་ཉུང་སུ་ཅིག་ལས་བརྒལ་ ཐོན་ནི་མེད་རུང་ འདས་པའི་ཟླཝ་དག་པ་ཅིག་ལས་ ཁྲོམ་སྡེའི་ནང་ ཁྱིམ་རྐུན་དང་ མ་བྱིན་པར་ལེན་པའི་ བྱ་ངན་འཐབ་མི་ ལེ་ཤ་ཐོནམ་ལས་ ས་གནས་ཀྱི་མི་ཚུ་ ཚ་གྱང་ལང་ནུག།
ཨར་རྐུན་འབད་མི་ དོགས་པ་ཅན་ཚུ་ཡང་ སྡེ་ཚན་༢ སྦེ་ཡོདཔ་ད་ སྡེ་ཚན་ཅིག་གིས་ ཏི་རུ་རྐྱངམ་གཅིག་དང་ སྡེ་ཚན་གཞན་གྱིས་ གསེར་དངུལ་ལ་སོགས་པའི་ རིན་ཐང་ཅན་གྱི་ ཅ་ཆས་ཚུ་ ཨར་རྐུན་འབད་དོ་ཡོདཔ་ཨིན་པས།
ཨར་རྐུན་འབད་མི་ཚུ་ཡང་ འབྲུག་མི་མེན་པར་ ཉེ་འདབས་ཀྱི་ ས་མཚམས་ཁྲོམ་ཚུ་ནང་སྡོད་མི་ རྒྱ་གར་གྱི་ མི་ཁུངས་ཚུ་ལུ་ དོགས་པ་ཆགསཔ་ཨིན་པས།
དོགས་པ་ཅན་ཚུ་གིས་ ཉིན་མ་ བསམ་གྲུབ་ལྗོངས་མཁར་ཁྲོམ་ཁའི་ ས་ཁོངས་ཚུ་ ལྟདམོ་བལྟ་མི་སྦེ་ འོང་ཞིནམ་ལས་ སྡོད་ཁྱིམ་ཚུ་གི་ སྒོའི་ལྡེ་མིག་དང་ རྣལ་ལྕགས་ ཁྱིམ་ནང་མི་སྡོད་དོ་ཡོད་མེད་ལ་སོགས་པ་ཚུ་ ན་འཐན་ལྟ་རྟོག་འབད་བའི་ཤུལ་ལུ་ ཕྱི་རུ་ལོག་ཁོང་རའི་ཁྱིམ་ནང་ འགྱོ་དོ་ཡོདཔ་ཨིན་པས།
དོགས་ཅན་ཚུ་གིས་ ས་ཁོངས་དང་ སྡོད་ཁྱིམ་ཚུ་གི་སྐོར་ ལེགས་ཤོམ་སྦེ་ ཤེས་རྟོགས་བྱུང་པའི་ཤུལ་ལས་ ལྕགས་དུམ་ལ་སོགས་པ་ཚུ་འབག་སྟེ་ ཨར་རྐུན་གྱི་དོན་ལུ་ བཅའ་སྒྲིག་འབད་དོ་ཡོདཔ་ད་ ལྕགས་དུམ་ཚུ་ཡང་ སྒོའི་ལྡེ་མིག་ཚུ་ བཅག་དཀྲུམ་འབད་ནི་དང་ ག་དེམ་ཅིག་སྦེ་ ཁྲིམས་སྲུང་འགག་པ་གིས་ བདའ་ཟུན་པ་ཅིན་ ལྕགས་དུམ་ལ་སོགས་པའི་ ལྕགས་རོ་ཚུ་ བསྡུ་བསྒྱོམ་འབད་མི་ཨིན་ཟེར་ སླབ་ནིའི་དོན་ལས་ཨིན་པས།
དུས་ཅི་ སྤྱི་ཟླ་༡ པ་ལས་ ད་ལྟོ་ཚུན་ ཨར་རྐུན་གྱི་ རྩོད་དོན་༡༥ དེ་ཅིག་ ཁྲིམས་སྲུང་འགག་སྡེ་དང་གཅིག་ཁར་ ཐོ་བཀོད་འབད་ཡོདཔ་བཞིན་དུ་ བྱ་ངན་ཚུ་ནང་ འབྲེལ་གཏོགས་ཡོད་མི་ དོགས་ཅན་ཕོ་སྐྱེས་༦ འཛིན་བཟུང་ཐོག་ ཞིབ་དཔྱད་འབད་དེ་ ཉེས་འཛུགས་ཀྱི་དོན་ལུ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ནང་ བཏང་ཡོདཔ་ད་ རྩོད་དོན་ལ་ལོ་ཅིག་ ཁྲིམས་ཀྱི་འདུན་སར་ ཡོདཔ་ཨིན་པས།
དོགས་ཅན་ཚུ་གིས་ དངུལ་ཀྲམ་༥༠,༠༠༠ དེ་ཅིག་དང་ གསེར་ དངུལ་ལ་སོགས་པ་ དགོས་མཁོ་ཅན་དང་ གོང་སྦོམ་གནས་མི་ ཅ་ཆས་ཚུ་ ཨར་རྐུན་འབད་ཡོདཔ་ད་ འཛིན་བཟུང་འབད་མི་ཚུ་ལས་ སྙན་ཆས་འུ་ཕར་ཆ་ཚང་༡ དང་ སམ་སུང་འགྲུལ་འཕྲིན་༢ དེ་ལས་ མིག་ཤེལ་༢ ལས་བརྒལ་ ལོག་ཐོབ་མ་ཚུགསཔ་ཨིན་པས།
མ་བྱིན་པར་ལེན་པ།
བསམ་གྲུབ་ལྗོངས་མཁར་དེ་ ས་མཚམས་ཁྲོམ་སྡེ་ཅིག་འབདཝ་ལས་ ད་རེས་ནངས་པར་ ཁྲོམ་ཁའི་ཚོང་ཁང་ཚུ་ནང་ ལཱ་འབད་མི་ མང་ཤོས་ར་ རྒྱ་གར་གྱི་མི་ ཡོད་མི་ལུ་བརྟེན་ མ་བྱིན་པར་ལེན་པའི་ གནད་དོན་ཚུ་ སྡོད་ཁྱིམ་ཚུ་ནང་མེན་པར་ མང་ཤོས་ར་ ཚོང་ཁང་ཚུ་ནང་ ཐོན་དོ་ཡོདཔ་ཨིན་པས།
དེ་བཟུམ་མའི་ བྱ་ངན་འབད་མི་དེ་ ཚོང་ཁང་ཚུ་ནང་ ལཱ་འབད་མི་ཚུ་ ཨིན་མི་དེ་ཡང་ ཁོང་གིས་ ཚོང་མགྲོན་པ་ཚུ་དང་ མགུ་མཐུད་དེ་ ཁོང་ལཱ་འབད་སའི་ ཚོང་ཁང་ནང་ལས་ ཅ་ཆས་ག་ཅི་བཟུམ་ར་ ཉོ་དགོཔ་ཨིན་ན་ཚུ་ ཧེ་མ་ལས་ར་ བསྟུན་གྲོས་འབད་དོ་ཡོདཔ་ཨིན་པས།
དེ་ལས་ ཚོང་ཁང་ནང་ ལཱ་འབད་མི་ཚུ་དང་གཅིག་ཁར་ མགུ་མཐུད་འབད་མི་ ཚོང་མགྲོན་པ་ཚུ་ ཚོང་ཁང་ནང་ སོང་ཞིནམ་ལས་ ཅ་ཆས་ཚུ་ ཉོ་དོ་ཡོདཔ་ད་ དེ་ཡང་ ཚོང་མགྲོན་པ་ཚུ་གིས་ ཆང་བེ་ཡར་ ཉོ་བ་ཅིན་ ལཱ་འབད་མི་ཚུ་གིས་ ཚོང་ཁང་གི་ ཇོ་བདག་ཚུ་ལུ་ ཤེས་རྟོགས་མེདཔ་སྦེ་ ཤོག་སྒྲོམ་གྱི་ནང་ན་ བེ་ཡར་མེན་པར་ གོང་ཚད་སྦོམ་གནས་མི་ ཆང་ཝིསི་ཀི་ཚུ་བཙུགས་ཏེ་ བྱིནམ་ཨིན་པས།
དུས་ཅི་ ལོ་འགོ་བཙུགས་མི་ལས་ ད་ལྟོ་ཚུན་ཚོད་ཀྱི་བར་ན་ ཁྲིམས་སྲུང་འགག་སྡེའི་ནང་ མ་བྱིན་པར་ལེན་པའི་ རྩོད་དོན་༧ དེ་ཅིག་ ཐོ་བཀོད་འབད་བའི་ཁར་ དོགས་ཅན་༧ འཛིན་བཟུང་འབད་ཡོདཔ་ད་ རྩོད་དོན་ལ་ལོ་ཅིག་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ནང་དང་ ལ་ལོ་ཅིག་ ཁྲིམས་ཀྱི་འདུན་སར་ རྩོད་བཤེར་འབད་བའི་བསྒང་ཡོདཔ་ཨིན་པས།
དོགས་པ་ཅན་ཚུ་གིས་ ཆང་ཧའི་ལེནཌ་ རེཌ་ལེ་བཱལ་ བེ་ལེག་ལེ་བཱལ་ ཝིསི་ཀི་ ཨོ་ཕྱེ་ཨེབ་རི་ཌེ་དང་ ཀི་རི་མི་ཊོ་ ཨེ་པཱལ་གྱི་ཁུ་བ་ལ་སོགས་པ་ཚུ་ ཁུ་སིམ་སི་སྦེ་ འཐུ་འབག་ཡོདཔ་བཞིན་དུ་ དོགས་ཅན་ཚུ་ལས་ དངུལ་ཀྲམ་༧༣༤,༠༠༠ དེ་ཅིག་གནས་པའི་ ཅ་ཆས་ཚུ་ ལོག་ཐོབ་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་སྡེའི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ དོགས་ཅན་ཚུ་གིས་ ཨརཝ་མ་རྐྱབ་པའི་ཧེ་མ་ སྡོད་ཁྱིམ་ཚུ་ནང་ མི་སྡོད་དོ་ཡོད་མེད་ལ་སོགས་པ་ཚུ་ བལྟ་དོ་ཡོད་མི་ལུ་བརྟེན་ མི་ཚུ་གིས་ ག་ཏེ་ར་འགྱོ་རུང་ ཁྱིམ་ཚང་ཚུ་ལུ་ སླབ་དགོཔ་མ་ཚད་ ཁྱིམ་ནང་ མེ་བཏེག་བཞག་དགོ་པའི་ཁར་ ཕྱི་རུ་ཉལ་བའི་སྐབས་ལུ་ཡང་ སྒོ་སྒྲིག་ཚུ་ ཕྱེ་བཞག་ནི་ལས་ འཛེམ་དགོ་ཟེར་ཨིན་པས།
འགོ་དཔོན་ཚུ་གིས་འབད་བ་ཅིན་ ད་རེས་ནངས་པར་ དོགས་ཅན་ཚུ་གིས་ སྒོའི་ལྡེ་མིག་ཚུ་ཡང་ འཇམ་ཏོང་ཏོ་སྦེ་ བཅག་དཀྲུམ་འབད་དོ་ཡོདཔ་ལས་ སྒྲིང་ཁྱིམ་གྱི་ ཇོ་བདག་ཚུ་གིས་ འབད་ཚུགས་པ་ཅིན་ སི་སི་ཊི་བི་པར་ཆས་དང་ ཨིན་ཊར་ལོག་ཟེར་མི་དེ་ བཙུགས་ཚུགས་པ་ཅིན་ ཕན་ཐོགས་འབྱུང་ནི་མས་ཟེར་ཨིན་པས།
ཚོང་ཁང་གི་ ཇོ་བདག་ཚུ་གིས་འབད་རུང་ ལཱ་འབད་མི་ཚུ་གིས་ ཚོང་མགྲོན་པ་ཚུ་ལུ་ ཅ་ཆས་ཚུ་ བྱིན་པའི་སྐབས་ ལྟ་རྟོག་དང་ ཞིབ་དཔྱད་འབད་དགོཔ་མ་ཚད་ ཅ་ཆས་ཚུ་བཞག་སའི་ དོ་ཁང་ཚུ་ནང་ཡང་ སི་སི་ཊི་བི་པར་ཆས་ཚུ་ བཙུགས་དགོ་ཟེར་ཨིན་པས།
མི་ཚུ་གིས་ སླབ་མིའི་ནང་ དུས་ཅིའི་ ལོ་སྔ་ཆ་ལུ་ ཨར་རྐུན་མང་སུ་ཐོན་མི་ལུ་བརྟེན་ ཉིན་མར་ཁྱིམ་སྟོངམ་སྦེ་ བཞག་མ་ཚུགས་པའི་ཁར་ ཕྱི་རུ་ཞག་ཡང་ ཉལ་མ་ཚུགས་པའི་ གནས་སྟངས་ནང་ སྡོད་ཅི་ཟེར་ཨིན་རུང་ ད་རེས་ནངས་པར་ དུམ་གྲ་ཅིག་ མར་བབས་སོང་ནུག་ཟེར་ཨིན་པའི་གནས་ཚུལ།

སྐལ་བཟང་དབང་ཕྱུག། བསམ་གྲུབ་ལྗོངས་མཁར།

About admin

Check Also

ཟྭོ་ཆག་གི་ ཟོང་ཆ་ཚུ་ ནད་ཡམས་སྐབས་ལུ་ བཙོང་མ་ཚུགས་པའི་གདོང་ལེན།

༉ ཨ་རྟག་འབད་བ་ཅིན་ ཟྭོ་ཆག་གི་ ཐགས་ལཱ་ལུ་བརྟེན་ འོང་བབས་བཟོ་ཚུགས་དོ་ཡོདཔ་ཨིན་རུང་ ན་ཧིང་ལས་ཚུར་ ནད་ཡམས་ལུ་བརྟེན་ ཚོང་འབྲེལ་ལེགས་ཤོམ་འགྱོ་མ་བཏུབ་ལས་ ཐགས་འཐག་མི་ཨམ་སྲུ་ཚུ་ ད་རེས་ སོ་ནམ་གྱི་ལཱ་འབད་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས། ཀྲོང་གསར་ གླང་མཐིལ་རྒེད་འོག་ སྦས་གླིང་གཡུས་ཚན་ནང་རྐྱངམ་གཅིག་ …

Leave a Reply

Your email address will not be published. Required fields are marked *