ཨའེ་ལིག་ཕུཊ་བཱོལ་རྩེད་འགྲན་དོན་ལུ་ སུ་དི་བ་ཨེཕ་སི་གིས་ གྲ་སྒྲིག་འབད་ཡོདཔ།

༉ རྒྱ་གར་ ལྡི་ལི་ལུ་ཡོད་མི་ སུ་དི་བ་ཨེཕ་སི་གིས་ ཀཱོལ་ཀ་ཊ་གི་ མོ་ཧམ་མི་དཱན་ ཨེས་པོར་ཊིང་ཀ་ལབ་དང་གཅིག་ཁར་ སྤྱི་ཟླ་༡ པའི་ཚེས་༩ ལུ་ ཀཱོལ་ཀ་ཊ་ལུ་སྦེ་ ཧི་རོ་ཨའེ་ལིག་ ཕུཊ་བཱོལ་རྩེད་འགྲན་འབད་ནི་ཨིན་པས།

འབྲུག་ལས་ རྒྱལ་སྤྱི་སློབ་སྟོན་པ་༡ ལས་བརྒལ་མེད་མི་ བཙན་སྐྱོགས་རྡོ་རྗེ་གིས་ སུ་དི་བ་ཨེཕ་སི་སྡེ་ཚན་གྱི་ སློབ་སྟོན་པ་སྦེ་ འགོ་ཁྲིད་འབད་ནི་ཨིནམ་ད་ སུ་དི་བ་ཨེཕ་སི་འཛིན་སྐྱོང་པ་གིས་ སྤྱི་ལོ་༢༠༢༠ ཟླ་༩ པའི་ནང་ གདམ་ཁ་རྐྱབ་མི་དེ་ བཅའ་མར་གཏོགས་མི་ སློབ་སྟོན་པ་༨ ཀྱི་གྲས་ལས་ཨིན་པས།

སུ་དི་བ་ཨེཕ་སི་དེ་ སྤྱི་ལོ་༢༠༡༤ ལུ་ གཞི་བཙུགས་འབད་བའི་ཤུལ་ལས་ ཧི་རོ་ཨའེ་ལིག་ ཕུཊ་བཱོལ་རྩེད་འགྲན་འབད་ནི་དེ་ འགོ་དང་པ་ གོ་སྐབས་ཐོབ་ཡོདཔ་ཨིན་པས།

སྐྱེས་ལོ་༣༨ ལང་མི་ བཙན་སྐྱོགས་རྡོ་རྗེ་གིས་ སླབ་མིའི་ནང་ རྒྱ་གར་ལུ་ ཀ་ལཔ་རྙིང་ཤོས་ཅིག་ཨིན་མི་ མོ་ཧམ་མི་དཱན་ ཨེས་པོར་ཊིང་ཀ་ལཔ་ཨིན་རུང་ ཨའེ་ལིག་རྩེད་འགྲན་འབད་ནི་དེ་ འགོ་ཐོག་ཨིནམ་བཞིན་དུ་ ན་ཧིང་ དབྱེ་ཁག་ཁ་པ་ལས་ ཨང་དང་པ་ ཐོན་ཡི་ཟེར་ཨིན་པས།

སྤྱི་ལོ་༢༠༢༡ གི་ ཨའེ་ལིག་རྩེད་འགྲན་དེ་ འདས་པའི་ལོ་ཚུ་ནང་ རྩེད་འགྲན་འབད་མི་དང་ མ་འདྲཝ་ཨིན་མི་དེ་ཡང་ ནད་ཡམས་ཀོ་བིཌ་-༡༩ གི་གནས་སྟངས་དང་འཁྲིལ་ ཀཱོལ་ཀ་ཊ་ལུ་ཡོད་མི་ ཕུཊ་བཱོལ་རྩེད་ཐང་ལྟེ་བ་༣ ནང་ སྡེ་ཚན་༡༡ གི་བར་ན་ འགྲན་བསྡུར་ཚུ་ཡང་ འགོ་འདྲེན་འཐབ་ནི་ཨིན་པས།

སྡེ་ཚན་རེ་ལས་ རྩེད་འགྲན་པ་༢༡ དང་ འབྲེལ་ཡོད་ལས་བྱེདཔ་༩ རྩེད་ཐང་ནང་ འབྲེལ་གཏོགས་འབད་ནིའི་གོ་སྐབས་ཡོདཔ་ད་ བཙན་སྐྱོགས་རྡོ་རྗེ་དང་འཁྲིལ་བ་ཅིན་ ཁོ་གི་་ཀ་ལཔ་ནང་ རྒྱ་གར་གྱི་ མི་ངོམ་ཚུ་མ་གཏོགས་ ཕྱིའི་རྩེད་འགྲན་འབད་མི་༡ ཡང་མེདཔ་ལས་ དོ་འགྲན་ལེགས་ཤོམ་འབད་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པས།

ཉིནམ་༡ ནང་ རྩེད་འགྲན་ཚར་༣ རེ་འབད་ནི་ཨིནམ་མ་ཚད་ འགྲན་བསྡུར་འབད་མི་ཚུ་ཡང་ རྩེད་རིགས་རྒྱང་མཐོང་ནང་ དངོས་མཐོང་སྦེ་ སྟོན་ནི་ཨིན་པས།

པཱན་ཇབ་ཨེཕ་སི་གིས་ ཨའེ་ཟའུལ་ཨེཕ་སི་དང་ རྩེད་འགྲན་འབད་ནི་དང་ གོ་ཀུ་ལམ་ཨེཕ་སི་དང་ ཅེ་ནའེ་སི་ཊི་དང་ རྩེད་ནི་ཨིནམ་ད་ འབྲུག་ལས་ བཙན་སྐྱོགས་རྒྱལ་མཚན་གྱིས་ པཱན་ཇབ་ཨེཕ་སི་ཀ་ལཔ་ནང་ རྩེད་འགྲན་པ་སྦེ་ རྩེད་ནི་ཨིན་པས།

སུ་དི་བ་ཀ་ལབ་ནང་ རྩེད་འགྲན་པ་གསརཔ་༡༩ ལུ་ གོ་སྐབས་བྱིན་ཡོདཔ་ཨིན་རུང་ ཧེ་མ་ལས་ རྒྱ་གར་སུ་པར་ལིག་ རྩེད་འགྲན་འབད་མི་ཨིན་པའི་ཁར་ ཟླ་ངོ་༣ གྱི་རིང་ སྦྱོང་བརྡར་འབད་ཡི་ཟེར་ སློབ་སྟོན་པ་བཙན་སྐྱོགས་རྡོ་རྩེ་གིས་ སླབ་ཨིན་པས།

མོང་སྒར་རྫོང་ཁག་ལས་ཨིན་མི་ བཙན་སྐྱོགས་རྡོ་རྗེ་གིས་ སྤྱི་ལོ་༢༠༡༩ ཟླ་༡༡ པའི་ནང་ སུ་དི་བ་ནང་ འཛུལ་ཞུགས་འབད་ཡོདཔ་ད་ རྒྱལ་སྤྱི་ཕུཊ་བཱོལ་རྩེད་རིགས་ནང་ སློབ་སྟོན་པའི་གོ་སྐབས་སྤྲོད་མི་དེ་ འབྲུག་ལས་ འགོ་དང་པ་ ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *