༉ ལྷུན་རྩེ་ ཨའུ་མཚོ་ཁྲོམ་གྱི་ སྦོ་ལོགས་ཁར་ ཆུ་ཞིང་ནང་ མི་སེར་ཚུ་གིས་ ཆུ་གོན་འཛུགས་སྐྱོང་འབད་དེ་ འོང་འབབ་ལེགས་ཤོམ་ བཟོ་ཚུགས་ནི་དེ་གིས་ ད་ལས་ཕར་ རྒྱ་ཆེ་དྲགས་སྦེ་ར་ འཛུགས་སྐྱོང་འབད་ནིའི་ སེམས་ཤུགས་ཐོབ་ཡོདཔ་ཨིན་པས།
ད་རེས་ནངས་པར་ ཐོན་སྐྱེད་འབད་བའི་བསྒང་ཡོད་མི་ ཆུ་གོན་ཚུ་ ཨའུ་མཚོ་ཁྲོམ་ནང་འཁོད་ལུ་ར་ བཙོང་དོ་ཡོདཔ་ད་ ལྷག་ལུས་ཚུ་ ལྷུན་རྩེ་དང་ མོང་སྒར་ཁྲོམ་ཚུ་ནང་ བཙོང་དོ་ཡོདཔ་ཨིན་པས།
ད་ལྟོ་ གུང་པ་༡༧ གྱིས་ འགོ་དང་པ་ ཆུ་གོན་འཛུགས་སྐྱོང་འབད་དེ་ ཚོང་འབྲེལ་འཐབ་ཚུགསཔ་བཟོ་མི་དེ་ ཨའུ་མཚོ་ཁྲོམ་ནང་མ་གཏོགས་ ས་གནས་གཞན་ཚུ་ནང་ འཛུགས་སྐྱོང་འབད་མ་བཏུབ་ནི་དེ་གིས་ཨིན་པས།
ཆུ་ཞིང་ཡོད་དེ་འབད་རུང་ བཟའ་སྤྱོད་འབད་མ་ཚུགས་པར་ ལོ་ངོ་བཅུ་ཕྲག་ལང་བའི་ཤུལ་ལས་ དུས་ཅི་ འགོ་དང་པ་ ཆུ་གོན་འཛུགས་སྐྱོང་འབད་ཡོདཔ་ཨིན་པས།
སྐྱེས་ལོ་༢༤ ལང་མི་ ཀུན་བཟང་ལྷ་མོ་གིས་ གླང་དོ་༡ འབད་མི་ ཆུ་ཞིང་ནང་ ཆུ་གོན་གྱི་སོན་༡༤༠ དེ་ཅིག་ འཛུགས་སྐྱོང་འབད་ཡོདཔ་བཞིན་དུ་ ཐོན་སྐྱེད་དེ་གིས་ ད་ལྟོ་ཚུན་ཚོད་ འོང་འབབ་དངུལ་ཀྲམ་༡༤,༠༠༠ ལྷགཔ་ཅིག་ བཟོ་ཚུགས་ཅི་ཟེར་ཨིནམ་ད་ ཐོན་སྐྱེད་ཕྱེད་ཀ་དེ་ཅིག་ ཕམ་སྤུན་ཆ་དང་ ཆ་རོགས་ཚུ་ལུ་ བྱིན་ཡི་ཟེར་ཨིན་པས།
ཀུན་བཟང་ལྷ་མོ་གིས་ སླབ་མི་དང་འཁྲིལ་བ་ཅིན་ འགོ་ཐོག་ལཱ་འབད་བའི་སྐབས་ ཆུ་གོན་འཛུགས་སྐྱོང་འབད་ཐངས་དང་ དུས་ཚོད་ ལུད་བླུག་ཐངས་ཚུ་གི་ ཉམས་མྱོང་མེདཔ་ལས་ འོང་འབབ་དེ་ཅིག་ བཟོ་མ་ཚུགས་རུང་ སང་ཕོད་ལས་ ཨེ་ཀར་༡ དེ་ཅིག་ནང་ ཆུ་གོན་འཛུགས་སྐྱོང་འབད་ནིའི་ རེ་བ་ཡོད་ཟེར་ཨིན་པས།
ཆུ་གོན་འཛུགས་སྐྱོང་འབད་ནིའི་ལཱ་དེ་ སོ་ནམ་གྱི་ལཱ་གཞན་དང་ཕྱདཔ་ད་ དེ་འཕྲོ་ལས་ འོང་འབབ་བཟོ་ཚུགས་མི་ཅིག་འབདཝ་ལས་ ད་ལས་ཕར་ ལས་རིམ་མ་འདྲཝ་སྦེ་ བརྩམ་ནི་ཨིན་ཟེར་ སོ་ནམ་པ་ཅིག་གིས་ སླབ་ཨིན་པས།
ཟ་ཁང་གི་ ཇོ་བདག་ཅིག་ཨིན་མི་ བཅོ་ལྔ་ཆོས་སྐྱིད་ཀྱིས་ སླབ་མིའི་ནང་ ཨའུ་མཚོ་ལུ་ ཆུ་ཞིང་ཨེ་ཀར་ལྷགཔ་ཅིག་ཡོད་རུང་ ཆུའི་དཀའ་ངལ་དང་ སེམས་ཅན་ཚུ་གིས་ གནོད་དོ་ཡོདཔ་ལས་ བཟའ་སྤྱོད་མ་འབད་བར་ ལོ་ངོ་༢༠ དེ་ཅིག་གི་ཤུལ་ལས་ རྒེད་འོག་དང་ རྫོང་ཁག་སོ་ནམ་སྡེ་ཚན་གྱིས་ རྒྱབ་སྐྱོར་འབད་ཡོདཔ་ལས་ ལོག་བཟའ་སྤྱོད་འབད་ཚུགསཔ་ལས་ སེམས་དགའ་སྟེ་འདུག།
བཅོ་ལྔ་ལྷ་མོ་གིས་ཡང་ ཆུ་གོན་གྱི་སོན་༡༡༠ འཛུགས་སྐྱོང་འབད་མི་གིས་ འོང་འབབ་བཟོ་ཚུགསཔ་མ་ཚད་ ཕམ་དང་སྤུན་ཆ་ཚུ་ལུ་ཡང་ བྱིན་ཚུགས་ཡོདཔ་ད་ ཤུལ་ལས་ ཆུ་གོན་གྱི་སོན་སྟོང་ཕྲག་སྦེ་ འཛུགས་སྐྱོང་འབད་དགོཔ་འདུག་ཟེར་ཨིན་པས།
ཨའུ་མཚོ་ཁྲོམ་གྱི་ ཚོང་པ་ཚུ་གིས་སླབ་མིའི་ནང་ ནང་འདྲེན་འབད་མི་ ཆུ་གོན་ཚུ་ ཟ་དགོ་མནོ་རུང་ འཐོབ་མ་ཚུགས་པར་ ལོ་ལེ་ཤ་ལང་བའི་ཤུལ་ལས་ དུས་ཅི་ ནང་འཁོད་ཐོན་སྐྱེད་འབད་མི་ ཆུ་གོན་ཚུ་ ཁྲོམ་ནང་བཙོང་ཚུགས་ནི་དེ་གིས་ སེམས་དགའ་ཡི་ཟེར་ཨིན་པས།
དེ་བཟུམ་སྦེ་ ལོ་བསྟར་བཞིན་དུ་ མི་སེར་ཚུ་གིས་ ལཱ་འབད་ཚུགས་པ་ཅིན་ ལཱ་ཁག་སྦེ་ རྒྱ་གར་ལས་ ནང་འདྲེན་འབད་མ་དགོ་པའི་ ཕན་ཁྱད་འབྱུང་ནི་མས་ཟེར་ བཤདཔ་ཨིན་པས།
བཙན་མཁར་རྒཔོ་ ཚེ་བརྟན་དབང་འདུས་ཀྱིས་ སླབ་མིའི་ནང་ ཤིང་འབྲས་དང་ ཚོད་བསྲེའི་རིགས་ཚུ་ སོ་ནམ་པ་ཚུ་གིས་ ལཱ་འབད་དེ་ འཛུགས་སྐྱོང་འབད་ཚུགས་པ་ཅིན་ ཐོན་སྐྱེད་ཚུ་ ཐག་རིང་སར་འབག་སྟེ་ བཙོང་མ་དགོ་པར་ རྒེད་འོག་ནང་འཁོད་ཀྱི་ ཞི་གཡོགཔ་དང་ ཚོང་པ་ དེ་ལས་ མི་སེར་ཚུ་ལུ་ བཙོང་ཚུགས་ཟེར་ཨིན་པས།
རྒེད་འོག་གི་ སོ་ནམ་རྒྱ་བསྐྱེད་ལས་རོགསཔ་ ཕུརཔ་འཕྲིན་ལས་ཀྱིས་ སླབ་མིའི་ནང་ ལས་འགུལ་གྱི་ཐོག་ལས་ ཚོད་བསྲེ་གོང་འཕེལ་གཏང་ཐབས་ལུ་དམིགས་ཏེ་ ཨའུ་མཚོ་ལུ་ ཆུ་ཞིང་སྟོངམ་ཚུ་ འདས་པའི་ལོ་ལས་འགོ་བཙུགས་ བཟའ་སྤྱོད་འབད་ནི་ འགོ་བཙུགས་ཅི་ཟེར་ཨིན་པས།
མོང་སྒར་ལུ་ཡོད་པའི་ རང་བཞིན་སླར་འབྱུང་ཐོན་སྐྱེད་ཡིག་ཚང་དང་ གླིང་མི་ཐང་ལུ་ཡོད་པའི་ སོ་ནམ་ཡིག་ཚང་ཚུ་ལས་ ཆུ་གོན་གྱི་སོན་དང་ ཚོད་བསྲེ་རིགས་ཀྱི་སོན་ཚུ་ གུང་པ་༡༧ ལུ་ རིན་མེད་སྟོང་པར་ བགོ་བཀྲམ་འབད་དེ་ འཛུགས་སྐྱོང་འབད་ཡི་ཟེར་ཨིན་པས།
ཕུརཔ་འཕྲིན་ལས་ཀྱིས་ སླབ་མིའི་ནང་ ཨེ་ཀར་༨ དེ་ཅིག་འབད་མི་ ཆུ་ཞིང་སྟོངམ་དེ་ བཟའ་སྤྱོད་མ་འབད་བར་བཞག་པའི་སྐབས་ མི་ཆེ་འབྲིང་ཆུང་༣ ཚུ་ ཕར་ཚུར་བྱོནམ་ད་ ལེགས་ཤོམ་སྦེ་ མཐོང་མ་ཚུགས་པར་ཡོདཔ་ལས་ ད་ལས་ཕར་ དཔེ་སྟོན་བཏུབ་པའི་ ས་ཞིང་བཟའ་སྤྱོད་འབད་ནི་ འགོ་བཙུགས་ཏེ་ཡོད་ཟེར་ཨིན་པས།
རྒེད་འོག་གི་ འགོ་དཔོན་ཚུ་གིས་ འབད་བ་ཅིན་ ཧེ་མ་ མི་སེར་ཚུ་གིས་ ཆུ་ཞིང་བཟའ་སྤྱོད་འབད་ཡོད་རུང་ ཆུ་ལངམ་སྦེ་མེདཔ་ལས་ བཟའ་སྤྱོད་འབད་མ་ཚུགས་པར་བཞག་པའི་ཁར་ མི་སེར་ཚུ་ཡང་ ཐག་རིང་མི་དང་ སའི་ཇོ་བདག་མང་ཤོས་ར་ ཐིམ་ཕུག་ལས་ཕར་སྡོད་ནི་དེ་གིས་ ཨིན་ཟེར་ཨིན་པས།
བཟའ་སྤྱོད་འབད་བཅུག་ཐབས་ལུ་ ལས་འགུལ་ཁག་གི་ མ་དངུལ་རྒྱབ་སྐྱོར་ཐོག་ལས་ ལྕགས་སྐུད་ར་བ་བསྒོར་བའི་ཁར་ ད་རེས་ནངས་པར་ ཞིང་ཆུ་བཏོན་ནིའི་དོན་ལུ་ ཆུ་གཡུར་བཟོ་སྐྲུན་འབད་མི་དེ་ ཧ་ལམ་ མཇུག་བསྡུ་ཡི་ཟེར་ སོ་ནམ་རྒྱ་བསྐྱེད་ལས་རོགསཔ་ ཕུརཔ་འཕྲིན་ལས་ཀྱིས་ སླབ་ཨིན་པའི་གནས་ཚུལ།
ཨའུ་མཚོ་ལས་ བཀྲིས་ཕུན་ཚོགས།