ཨམ་སྲུའི་ནུམོ་ དབང་བཙོང་ལུས་འབྲེལ་འབད་མི་ལུ་ བཙོན་ཁྲིམས་ལོ་༣ དང་ རྒུད་འཐུས་སྤྲོད་བཅུག་ཡོདཔ།

༉ ཆུ་ཁ་རྫོང་ཁག་ཁྲིམས་འདུན་གྱིས་ སྐྱེས་ལོ་༣༦ ལང་མི་ ཕོ་སྐྱེས་ཅིག་གིས་ ཁོ་རའི་ ཨམ་སྲུ་གི་ནུམོ་ལུ་ དབང་བཙོང་ལུས་འབྲེལ་འབད་མི་ལུ་བརྟེན་ བཙོན་ཁྲིམས་ལོ་༣ དང་ རྒུད་འཐུས་དངུལ་ཀྲམ་༤༥,༠༠༠ སྤྲོད་བཅུག་དགོ་པའི་ འཁྲུན་ཆོད་བཏོན་ཡོདཔ་ཨིན་པས།
སྤྱི་ཟླ་༦ པའི་ཚེས་༧ ལུ་བཏོན་མི་ འཁྲུན་ཆོད་དང་འཁྲིལཝ་ད་ བསམ་རྩེ་རྫོང་ཁག་ བཱ་ར་རྒེད་འོག་ སྤ་ཚར་གླིང་ལས་ཨིན་མི་ ཉེས་ཅན་གྱིས་ དུས་ཅི་ སྤྱི་ཟླ་༣ པའི་ཚེས་༢༩ ལུ་ ཁོ་ར་ རྒྱ་གར་གྱི་ས་གནས་ མང་ལ་བ་རི་ལས་ སྤ་རོ་ལུ་ ཕྱི་རུ་འགྲོ་འགྲུལ་འབད་བའི་སྐབས་ འདྲོག་པས་ཟེར་སླབ་སྟེ་ ཁོ་རའི་སྣུམ་འཁོར་ཊཱག་ནང་ ཆ་རོགས་སྦེ་ ཨམ་སྲུ་གི་ནུམོ་ ཁྱིད་སོང་བའི་ཤུལ་ལས་ ལམ་བདའ་ ཐེངས་༢ དབང་བཙོང་ཐོག་ལས་ ལུས་འབྲེལ་འབད་ཡོདཔ་ཨིན་པས།
དེ་ཡང་ ས་གནས་མོ་ཀའི་བར་རི་ལུ་ ནུབ་མོའི་ཆུ་ཚོད་༡༢ དེ་ཅིག་ཁར་ དབང་བཙོང་ལུས་འབྲེལ་འབད་བའི་ཤུལ་ལས་ དེ་གི་ནངས་པར་ སྤྱི་ཟླ་༣ པའི་ཚེས་༣༠ གི་ ནུབ་མོའི་ཆུ་ཚོད་༢ དེ་ཅིག་ཁར་ ད་རུང་ ཝང་ཁ་ལུ་ དབང་བཙོང་ལུས་འབྲེལ་འབད་ཡི་ཟེར་ སྙན་ཞུ་འབད་ནུག།
བྱ་ངན་དེའི་སྐོར་ལས་ ཉམས་རྒུདཔ་གིས་ ཉེས་ཅན་ཁོ་ར་ སྣུམ་འཁོར་ནང་ གཉིད་ཐལ་སྡོདཔ་ད་ འབྱོག་སོང་ཞིནམ་ལས་ ཕུན་ཚོགས་གླིང་ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་ཡོདཔ་བཞིན་དུ་ དགེ་འདུ་ཁྲིམས་སྲུང་འགག་པ་གིས་ ཞིབ་དཔྱད་འབད་ཡོདཔ་ཨིན་པས།
དགེ་འདུའི་ཁྲིམས་སྲུང་འགག་པ་གིས་ ཞིབ་དཔྱད་འབད་དེ་ དྲི་དཔྱད་འབད་བའི་སྐབས་ ཉེས་ཅན་གྱིས་ བྱ་ངན་བྱུང་བའི་ཚེ་ མང་ལ་བ་རི་ལས་ ཉམས་རྒུདཔ་དེ་ ཕྱི་རུ་ཁོ་ར་རྐྱངམ་གཅིག་ འགྲོ་འགྲུལ་འབདཝ་ད་ འདྲོག་པས་ཟེར་སླབ་སྟེ་ ཁྱིད་འོང་ཞིནམ་ལས་ ས་གནས་གནག་དུང་དུ་ཅིག་ནང་ལྷོདཔ་ད་ དབང་བཙོང་ལུས་འབྲེལ་འབད་ཡི་ཟེར་ཨིནམ་ད་ མི་གཞན་ལུ་སླབ་པ་ཅིན་ ངོ་ཚ་བཅུག་ནི་ཟེར་སླབ་ཡོད་པའི་ཁར་ ཏག་ཏི་ཀོ་ཐི་བརྒལ་བའི་ཤུལ་ལས་ཡང་ ད་རུང་ དབང་བཙོང་འབད་ཡི་ཟེར་ སླབ་ཡོདཔ་ཨིན་པས།
ཉེས་ཅན་ཁོ་ར་ སྤ་རོ་ལས་ ལོག་ཕུན་ཚོགས་གླིང་འོང་པའི་སྐབས་ རྟ་ནག་ལུངམ་ལས་ འཛིན་བཟུང་འབད་ཡོདཔ་ཨིན་པས།
ཉམས་རྒུདཔ་དེ་ གསོ་བའི་བརྟག་དཔྱད་དོན་ལུ་ ཕུན་ཚོགས་གླིང་སྨན་ཁང་ནང་ བཏང་པའི་སྐབས་ མོ་མཚན་གུ་ རྨ་ག་ནི་ཡང་ མ་བཏོན་པའི་ཁར་ ཁྲག་ཚུ་ཡང་ ག་ནི་ཡང་མ་མཐོང་པས།
ཨིན་རུང་ ཉེས་ཅན་ལུ་ དབྱེ་དཔྱད་འབད་བའི་སྐབས་ ཨོལ་ལྐོག་དང་ སྒལ་ཏོ་གུ་ རྨ་ཨ་ཙི་རེ་བཏོན་ཡོད་པའི་ཁར་ བྱང་ཁོག་ལུ་ཡང་ རྨ་ཚུ་བཏོན་ཡོདཔ་ད་ ངར་གདོང་གུ་ རྨ་གསརཔ་ཡོད་པའི་ཁར་ ནང་དོརམ་ནང་ ཐིག་ལེ་ཡོདཔ་སྦེ་ མཐོང་ནུག།
རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཉེས་ཅན་ལུ་ དབང་བཙོང་འབད་བའི་ བཙོན་ཁྲིམས་མཐོ་ཤོས་ལོ་༥ ལས་ དམའ་ཤོས་ལོ་ངོ་༣ ཕོག་དགོ་པའི་ ཞུ་བ་འབད་ཡོད་རུང་ ཁོ་གིས་ཧེ་མ་ དེ་བཟུམ་འབད་བའི་ བརྗོད་ཐོ་མེདཔ་ལས་ ལོ་༣ བཀལ་ཡོདཔ་ཨིན་པས།
ཁོ་ར་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་དང་འཁྲིལ་ བཙན་གཡེམ་གྱི་ གནོད་འགེལ་ཨིནམ་ལས་ ཁྲིམས་དེབ་དེའི་དོན་ཚན་༡༧༨ པ་ལྟར་ བཙོན་ཁྲིམས་བཀལ་དགོ་པའི་ཁར་ རྒུད་འཐུས་ཡང་ སྤྲོད་དགོ་པའི་ ཞུ་བ་འབད་ཡོདཔ་ད་ ཉེས་ཅན་གྱིས་ རྫོང་ཁག་ཁྲིམས་འདུན་གྱིས་བཏོན་མི་ འཁྲུན་ཆོད་ལུ་ ཁེ་རྒུད་མ་བཏུབ་པ་ཅིན་ མཐོ་གཏུགས་འབད་ནིའི་ གོ་སྐབས་ཡོད་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

 

About admin

Check Also

རྒྱ་ཚ་སྦིས་ལུ་ ཆུ་རུད་ཐོན་མིའི་ནང་ མི་༢ ལུ་ ཤི་རྐྱེན་དང་༣ འཚོལ་བའི་བསྒང་ཡོདཔ།

༉ ཁ་ཙ་ དྲོ་པའི་ཆུ་ཚོད་༢ དང་ སྐར་མ་༣༠ དེ་ཅིག་ཁར་ ལྷུན་རྩེ་ཀུར་སྟོད་རྒེད་འོག་ རྒྱ་ཚ་སྦིས་གཡུས་ཚན་ནང་ ཆུ་རུད་ཐོན་མི་དེ་གིས་ མི་༧ འཕྱགས་བདའ་ཡོདཔ་བཞིན་དུ་ ཉེན་སྲུང་སྡེ་ཚན་གྱིས་ ཕོ་སྐྱེས་༡ དང་ ཨམ་སྲུ་༢ …

Leave a Reply

Your email address will not be published. Required fields are marked *