ཨམ་སྲུ་སྨན་པ་༣༥ གདམ་འཐུ་འབད་ས་ལས་༥ གི་གནས་སོར་ ཆ་མེད་བཏང་ཡོདཔ།

༉ གསོ་བའི་ལྷན་ཁག་གི་ མི་སྟོབས་ཚོགས་ཆུང་གིས་ རྒྱལ་ཁབ་ཀྱི་ གཞི་རྟེན་སྨན་ཁང་སྡེ་རིམ་༢ པའི་ནང་ ཨམ་སྲུ་སྨན་པ་རེ་ གཏང་ནིའི་དོན་ལུ་ སྨན་གཡོགམོ་༣༥ གདམ་འཐུ་འབད་ས་ལས་ ཨམ་སྲུ་༥ གི་གནས་སོར་ ཆ་མེད་བཏང་ཡོདཔ་ཨིན་པས།
ཚོགས་ཆུང་དེ་གིས་ སྤྱི་ཟླ་༡ པའི་ཚེས་༣༠ ལུ་ གྲོས་ཐག་བཅད་ཡོདཔ་ད་ ལྷན་ཁག་ནང་ ཨམ་སྲུ་༢༡ གིས་ ཁོང་རའི་ གནས་སོར་དོན་ལུ་ ཞུ་གཏུགས་འབད་ཡོདཔ་ཨིན་པས།
ལྷན་ཁག་གིས་ རྒྱལ་ཁབ་ནང་གི་ སྨན་གཡོགམོ་༣༥ སྡེ་རིམ་༢ པའི་ གཞི་རྟེན་སྨན་ཁང་ཚུ་ནང་ གནས་སོར་འགྱོ་དགོཔ་སྦེ་ འདས་པའི་ཟླཝ་ནང་ ཡིག་ཚང་བཀའ་རྒྱ་བཏོན་ཡོདཔ་ཨིན་པས།
སྨན་གཡོགམོ་༥ གི་ གནས་སོར་ཆ་མེད་བཏང་མི་དེ་ཡང་ ལ་ལོ་ཅིག་ ཐིམ་ཕུག་འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ མཁས་མཆོག་འབད་ནི་དེ་གིས་ཨིན་པའི་ཁར་ ལ་ལོ་ཅིག་ རྒྱལ་ཁབ་མཐའ་དབུས་མེད་པའི་ ནདཔ་ཚུ་གི་ ཁེ་ཕན་ལུ་དམིགས་ཏེ་ བཞག་ཡོདཔ་སྦེ་ཨིན་པས།
གསོ་བའི་ལས་བྱེདཔ་ཅིག་གིས་ སླབ་དོ་བཟུམ་འབད་བ་ཅིན་ ལ་ལོ་ཅིག་ལུ་ འཕྲོད་བསྟེན་གྱི་ ལྕོགས་གྲུབ་མེད་མི་ལུ་བརྟེན་ཏེ་ གནས་སོར་ཆ་མེད་གཏང་དགོཔ་སྦེ་ ཐོན་ཡོདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ གཞུང་གི་དམིགས་གཏད་འགྲུབ་ནི་དེ་ ཁོང་གི་འགན་ཁུར་ཨིན་རུང་ གསོ་བའི་ལས་བྱེདཔ་ཚུ་གི་ མཐའ་དོན་བལྟ་ནི་དེ་ཡང་ ཁོང་གི་འགན་ཁུར་ཨིནམ་སྦེ་ བཤདཔ་ཨིན་པས།
ཨིན་རུང་ གཉེན་དང་ བཟའ་ཚང་གི་སྟབས་མ་བདེ་བའི་སྐོར་ལས་ ཞུ་གཏུགས་འབད་མི་ཚུ་ལུ་ ཁོང་གིས་ ངོས་ལེན་མ་འབད་ཟེར་ སླབ་ཨིན་པས།
གསོ་བའི་ལྷན་ཁག་གི་ མི་སྟོབས་འགོ་དཔོན་ལས་རོགསཔ་ སངས་རྒྱས་པུ་ཝར་གྱིས་ སླབ་མི་དང་འཁྲིལཝ་ད་ རྫོང་ཁག་ནང་ལས་ཕར་ སྨན་གཡོགམོ་ཐེབས་ཡོད་མིའི་ ཁ་གསལ་དང་ ཁོང་གིས་ རྫོང་ཁག་ནང་ ལོ་ག་དེམ་ཅིག་ སྡོད་ཡོདཔ་ཨིན་ནའི་ ཁ་གསལ་ལུ་ ལེན་ཞིནམ་ལས་རྐྱངམ་གཅིག་ ཐག་བཅད་ཡོདཔ་སྦེ་ཨིན་པས།
དཔེ་འབད་བ་ཅིན་ མོང་སྒར་རྫོང་ཁག་ནང་ ཞབས་ཏོག་གནས་ཚད་དང་འཁྲིལཝ་ད་ སྨན་གཡོགམོ་༥ དགོཔ་ཡོད་རུང་ ས་གནས་ནང་༧ ཡོད་པ་ཅིན་ ཐེབས་ཡོདཔ་སྦེ་ བརྩིསཝ་ཨིན་ཟེར་ཨིན་པས།
སྨན་གཡོགམོ་༣༥ ཡོད་མིའི་ནང་ལས་ ཕོ་སྐྱེས་༧ ཡོདཔ་ད་ ཁོང་ཆ་ཁྱབ་ རྫོང་ཁག་ནང་ ག་དེམ་ཅིག་གི་རིང་ སྡོད་ཡོདཔ་ཨིན་ན་ དེ་དང་འཁྲིལ་ཏེ་ གདམ་འཐུ་འབད་ནུག།
ལ་ལོ་ཅིག་གིས་ གསོ་བའི་ལྟེ་བ་གཅིག་ནང་ར་ ལོ་ངོ་༡༠ ལས་བརྒལ་ཏེ་ སྡོད་ཡོདཔ་སྦེ་ཨིན་པས།
གཞི་རྟེན་སྨན་ཁང་ ལ་ལོ་ཅིག་ནང་ སྨན་གཡོགམོ་ཐེབས་ཡོད་མི་ཚུ་ གནས་སོར་བཏང་ཡོད་མི་ ས་གནས་ཚུ་ནང་ ཕོ་སྐྱེས་སྨན་པ་ཚུ་ བཏང་ནི་ཨིན་པས།
སངས་རྒྱས་པུ་ཝར་གྱིས་ བཤད་མིའི་ནང་ ཁོང་གི་ཁ་ཐུག་ལས་ སྨན་གཡོགམོ་ཚུ་ ག་དེ་དྲག་དྲག་ ཁོང་རའི་ རྫོང་ཁག་ནང་ལས་ གནས་སོར་གཏང་སའི་ ཉེ་འདབས་ཀྱི་རྫོང་ཁག་ཚུ་ནང་ གཏང་ནི་ལུ་ རྩ་འགེངས་ནི་ཟེར་ སླབ་ཨིན་པས།
སྨན་གཡགམོ་༣༠ པོ་དེ་ མོང་སྒར་དང་ ལྷུན་རྩེ་ པདྨ་དགའ་ཚལ་ བཀྲིས་གཡང་རྩེ་ བསམ་གྲུབ་ལྗོངས་མཁར་ ཆུ་ཁ་དང་ བསམ་རྩེ་ དེ་ལས་ གསར་སྤང་རྫོང་ཁག་ཚུ་ནང་ གཏང་ནི་ཨིན་པས།
ཁོང་ཆ་ཁྱབ་ རྫོང་ཁག་ནང་ གནས་སོར་གཏང་ཞིནམ་ལས་ གཞི་རྟེན་སྨན་ཁང་ག་ཏེ་ལུ་ གཏང་ནི་ཨིན་ནའི་ཐད་ཁར་ རྫོང་ཁག་གིས་སྦེ་ ཐག་བཅད་འོང་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

About admin

Check Also

བོང་ཟམ་ཚུན་ འཁོར་ལམ་བསལ་ཡོད་རུང་ ཟམ་མེདཔ།

༉ ཀྲོང་གསར་ ནུབ་སྦིས་རྒེད་འོག་ལྟེ་བ་ལས་ ཆུའི་ཕར་ཁ་དང་ ཚུར་ཁར་སྡོད་མི་ཚུ་ རྒེད་འོག་ལྟེ་བའི་ནང་འོང་པའི་སྐབས་ སྟབས་བདེ་ཏོག་ཏོ་བཟོ་ནིའི་དོན་ལུ་ བསྐོར་ལམ་མཐུད་སྦྲེལ་འབད་ནི་དེ་ བོང་ཟམ་ཚུན་ བསལ་ཡོདཔ་ཨིན་རུང་ མང་སྡེ་ཆུའི་གུ་ལས་ ཟམ་མེདཔ་ཨིན་པས། ཟམ་བཟོ་སྐྲུན་འབད་བའི་ཤུལ་ལས་ མང་སྡེ་ཕུག་དང་ ལྗོངས་ཐང་ …

Leave a Reply

Your email address will not be published. Required fields are marked *