ཨམ་སྲུ་དམར་བསད་འབད་བའི་རྩོད་བཤེར་ ཆེ་མཐོ་ཁྲིམསའདུན་ལུ་མཐོ་གཏུགས།

༉ ཧཱ་རྫོང་ཁག་ཁྲིམས་འདུན་གྱིས་ སྐྱེས་ལོ་༣༣ ལང་མི་ ཕོ་སྐྱེས་ཅིག་ལུ་ ཨམ་སྲུ་ཅིག་ དམར་བསད་འབད་བའི་ བཙོན་ཁྲིམས་ལོ་༢༥ བཀལ་ཡོད་རུང་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལུ་ བསམ་པ་མ་རྫོགས་པར་ ཆེ་མཐོ་ཁྲིམས་འདུན་ལུ་ མཐོ་གཏུགས་འབད་ཡོདཔ་ཨིན་པས།

ཐོག་མའི་ཁྲིམས་འདུན་གྱིས་ ཉེས་འཛུགས་ཅན་ ཀུན་ལེགས་རྒྱལ་མཚན་ལུ་ སྤྱི་ཟླ་༥ པའི་ཚེས་༢༨ ལུ་ དམར་བསད་འབད་བའི་ བཙོན་ཁྲིམས་ལོ་༢༥ དང་ ཚེ་འདས་ཀྱི་ ཤུལ་ལུས་ལུ་ རྒུད་འཐུས་སྤྲོད་མ་ཚུགས་པའི་ བཙོན་ཁྲིམས་ལོ་༡ དང་ཟླཝ་༦ འབདཝ་ད་ བསྡོམས་ཀྱིས་ལོ་༢༦ དང་ཕྱེད་ བཀལ་ནུག།

བྱུང་རྐྱེན་དེ་ཡང་ སྤྱི་ལོ་༢༠༢༠ ཟླ་༡༠ པའི་ཚེས་༢༤ ལུ་ ཧཱ་དབུས་སུ་རྒེད་འོག་ སྐྱིདཔ་རི་གཡུས་ཚན་ནང་ ཉེས་འཛུགས་ཅན་གྱིས་ ཁོ་རའི་གནས་ཚང་གི་ཨའི་དེ་ མནོ་བཞིན་བསམ་བཞིན་དུ་ མོ་རའི་མགུ་ཏོ་གུ་ ཏོག་ཙེ་བླུགས་བྱིན་ཏེ་ དམར་བསད་འབད་ཡོདཔ་ཨིན་པས།

དེ་འབདཝ་ལས་ རྫོང་ཁག་ཁྲིམས་འདུན་གྱིས་ ཉེས་འཛུགས་ཅན་ལུ་ དབྱེ་རིམ་དང་པའི་ཉེས་ཁྲིམས་ དམའ་ཤོས་ལོ་ངོ་༡༥ དང་ མཐོ་ཤོས་ཚེ་བཙོན་སྨིན་དགོཔ་སྦེ་ ཡོད་མི་དང་འཁྲིལ་ ལོ་༢༥ བཀལ་ཡོདཔ་ཨིན་པས།

རྒྱལ་ཁབ་མང་ཤོས་ཅིག་ནང་འབད་རུང་ ཚེ་བཙོན་ཟེར་མི་དེ་ མི་ཚེ་གང་ བཙོན་ནང་སྡོད་དགོ་པའི་ཁྲིམས་ལུ་ གོ་ནི་ཨིན་རུང་ ཉུང་ཤོས་ཉེས་ཁྲིམས་ལོ་ཚད་༡༤ དང་༢༤ གི་བར་ན་ འབག་པའི་ཤུལ་ལས་ མ་འོངས་པར་ ཉེས་སྤྱོད་མི་འབད་ཟེར་བའི་ ཁས་ལེན་ཐོག་ བཙོན་གྱི་དུས་ཡུན་མ་ཚངམ་ལས་ གློད་གྲོལ་གཏང་ནིའི་ གོ་སྐབས་འདུག་ཟེར་ འཁྲུན་ཆོད་ནང་བཀོད་ནུག།

ཨིན་རུང་ འབྲུག་ལུ་ གནས་སྐབས་གློད་གྲོལ་གཏང་ནིའི་ གོ་སྐབས་མེད་པའི་བསྒང་ལས་ དྲང་ཁྲིམས་ཀྱི་ དམིགས་དོན་གཙོ་བོ་ར་ བཙོན་པ་ཚུ་གི་ བྱ་སྤྱོད་དང་ བསམ་པ་སེམས་བསྐྱེད་ཚུ་ བསྐྱར་བཅོས་དང་ ལེགས་བཅོས་ཀྱི་ གོ་སྐབས་མེད་ཟེར་བཀོད་ནུག། 

དེ་འབདཝ་ལས་ ཁེ་ཕན་གྱི་ གཞི་རྩ་ཟེར་མི་འདི་ བཅའ་ཁྲིམས་༢ ཡང་ཅིན་ དོན་ཚན་༢ ནང་ལས་ བཅའ་ཁྲིམས་ ཡང་ཅིན་ དོན་ཚན་གྱི་ཁེ་ཕན་དང་ ཁྲིམས་ག་ཉུང་མི་འདི་ བཀལ་དགོ་པའི་ གཞི་རྩ་དང་འཁྲིལ་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་དོན་ཚན་༡༣༩ པ་ལས་ ཉེས་འཇུགས་ཅན་ལུ་ ཁེ་ཕན་བྱུང་ཡི་ཟེར་ འཁྲུན་ཆོད་ནང་བཀོད་ནུག།

ཉེས་འཛུགས་ཅན་དེ་ སྤྱི་ལོ་༢༠༢༠ ཟླ་༡༠ པའི་ཚེས་༡༦ ལུ་ འཛིན་བཟུང་འབད་བའི་ཉིནམ་ལས་ སྤྱི་ལོ་༢༠༤༥ ཟླ་༦ པའི་ཚེས་༡༧ ཚུན་ ལོ་ངོ་༢༥ བཙོན་ཁྲིམས་བཀལ་ཡོདཔ་ལས་ ཁོ་ར་ སྐྱེས་ལོ་༥༨ ལངམ་ད་བཙོན་ཁྲིམས་ཚང་ནི་ཨིན་པས།

ཉེས་འཛུགས་ཅན་གྱི་ ཉེས་པ་ལུ་བརྟེན་ ཉམས་རྒུདཔ་ཤི་རྐྱེན་བྱུང་ཡོདཔ་ལས་ ལོ་༡༠ གྱི་ ལས་མིའི་གླ་ཆ་དང་ ཚེ་འདས་ཀྱི་ རོ་བསྡུ་དགེ་རྩ་ཞག་གྲངས་༤༩ ཚུན་གྱི་ ཟད་འགྲོ་ཚུ་ མི་༧ ལུ་ རྩིས་རྐྱབ་པའི་སྐབས་ རྒུད་འཐུས་དངུལ་ཀྲམ་༤༩༢,༨༧༥ ཉམས་རྒུད་པའི་ རྨགཔ་ལུ་ སྤྲོད་དགོ་པའི་ གྲོས་ཆོད་གནང་ནུག།

མ་གཞི་ ཚེ་འདས་ཀྱི་བུམོ་གིས་ རྒུད་འཐུས་དེ་ ཁྲིམས་ཀྱི་ལམ་ལུགས་ལྟར་ འཕྲལ་མགྱོགས་སྦེ་ ཡངས་ཆག་མེད་པར་ ལེན་གནང་དགོ་པའི་ ཞུ་བ་ཕུལ་ཡོདཔ་ཨིན་རུང་ ཉེས་འཛུགས་ཅན་ལུ་ ཐོན་ཁུངས་མེདཔ་ལས་ རྒུད་འཐུས་ཀྱི་ཚབ་ ཉེས་ཁྲིམས་སྨིན་དགོ་པའི་ཞུ་བ་དང་འཁྲིལ་ བཙོན་ཁྲིམས་ལོ་༡ དང་ཟླཝ་༦ བཀལ་ནུག།

ཉེས་འཛུགས་ཅན་ ཀུན་ལེགས་རྒྱལ་མཚན་དེ་ སྤུ་ན་ཁ་དགོན་ཤ་རི་ལས་ཨིནམ་ད་ ཁོ་ར་ ཚེ་འདས་ཨའི་དེ་གི་བུམོ་དང་ གཉེན་བསྡོམས་ཏེ་ སྡོད་ཡོདཔ་ཨིན་པས།

དམར་བསད་འབད་བའི་སྐོར་ ཉིནམ་༢ ཀྱི་རྒྱབ་ལས་ ཚེ་འདས་ཨམ་སྲུའི་ བུཚ་གིས་ ཁྲིམས་སྲུང་འགག་སྡེ་ལུ་ སྙན་ཞུ་འབད་ཡོདཔ་བཞིན་དུ་ ཐུག་རྐྱེན་ལུ་བརྟེན་ ཚེ་ལས་འདས་ཡོདཔ་སྦེ་ ཐོ་བཀོད་འབད་རུང་ དམར་བསད་ཨིན་པའི་ ཤེས་རྟོགས་བྱུང་ཡོད་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

About admin

Check Also

སོ་ནམ་ཞིང་ལམ་ལག་ལེན་འཐབ་མི་ཚུ་ལས་ སྤྱོད་འཐུས་བསྡུ་ནི་ལུ་ཐེ་ཚོམ།

༉ སོ་ནམ་ཞིང་ལམ་ཚུ་ ཤིང་དང་ བྱེམ་ལ་སོགས་པ་ བཏོན་ནིའི་དོན་ལུ་ སྣུམ་འཁོར་ཆེ་བ་ཚུ་ ལག་ལེན་འཐབ་པའི་སྐབས་ སྤྱོད་འཐུས་བསྡུ་ནི་དེ་ ཟུར་ཁྲིམས་ནང་རྐྱངམ་གཅིག་ དོན་ཚན་སྦེ་ ཚུད་དེ་ཡོདཔ་ལས་ ས་གནས་གཞུང་གིས་ བསྟར་སྤྱོད་ འབད་ནི་ལུ་ ཐེ་ཚོམ་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *