ཨམ་སྲུ་དམར་བསད་འབད་བའི་རྩོད་དོན་ རྩོད་དཔོན་ཡོངས་ཁྱབ་ལུ་ བཏང་ཡོདཔ།

༉ ཐིམ་ཕུག་ཁྲིམས་སྲུང་འགག་པ་གིས་ དུས་ཅི་ སྤྱི་ཟླ་༣ པའི་ཚེས་༢༣ ལུ་ ལྕང་སྒང་ཁ་ལུ་ཡོད་པའི་ བཙོག་མཛོད་ནང་ ཨམ་སྲུའི་ཕུངམ་ཅིག་ མཐོང་ཡོད་པའི་ ཞིབ་དཔྱད་སྙན་ཞུ་དེ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལུ་ བཏང་ཡོདཔ་ཨིན་པས།

དེ་ཡང་ སྐྱེས་ལོ་༣༡ ལང་མི་ ཚེ་འདས་ཀྱི་ སྤུན་ཆ་དང་འཁྲིལ་བ་ཅིན་ ཨམ་སྲུ་དེ་ བྱང་སྟོར་ཤོར་ཏེ་ ལོ་༣ ལངམ་ད་ ཕུངམ་སྦེ་མཐོང་ཡི་ཟེར་ཨིན་པས།

དུས་ཅི་ སྤྱི་ཟླ་༣ པའི་ཚེས་༢༣ ལུ་ ཐིམ་ཕུག་ཁྲོམ་སྡེའི་ གསང་སྤྱོད་འཕྱག་མི་ཅིག་གིས་ འབྲུག་སླར་འབྱུང་ཐོན་སྐྱེད་ཡིག་ཚང་གི་ ཉེ་འདབས་ལུ་ཡོད་པའི་ བཙོག་མཛོད་འཕྱག་བརྡར་རྐྱབ་པའི་སྐབས་ བཙོག་མཛོད་ནང་ལས་ རུ་ཏོ་མཐོང་ཡོདཔ་ཨིན་པས།

ཁྱིམ་གྱི་ཇོ་བདག་གིས་ དེ་འཕྲོ་ལས་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་ཡོདཔ་བཞིན་དུ་ ཞིབ་དཔྱད་འབདཝ་ད་ ཕུངམ་རུལ་ནི་དེ་གིས་ ཤེས་རྟོགས་བྱུང་ཡོདཔ་ཨིན་པས།

ཐིམ་ཕུག་ཁྲིམས་སྲུང་འགག་སྡེ་ལས་ གཙོ་འཛིན་འགོ་དཔོན་ མགོན་པོ་དཔལ་འབྱོར་གྱིས་ སླབ་མིའི་ནང་ ཁྱིམ་ཇོ་བདག་གིས་ ཉེ་འདབས་ལས་ཕར་ ཟ་ཁང་ཅིག་ནང་ལཱ་འབད་མི་ ཨམ་སྲུ་དེ་ བྱང་སྟོར་ཤོར་ཡོད་པའི་སྐོར་ལས་ ལོ་རྒྱུས་བཤད་ཅི་ཟེར་ཨིན་པས།

གཙོ་འཛིན་འགོ་དཔོན་གྱིས་ སླབ་མིའི་ནང་ ཚེ་འདས་ཀྱི་ རྨགཔ་དང་འབྲེལ་བ་འཐབ་སྟེ་ ཨམ་སྲུ་གི་ ལོ་རྒྱུས་བརྟག་དཔྱད་འབད་བའི་ཁར་ སྤྱི་ཟླ་༣ པའི་ཚེས་༢༣  གྱི་ཕྱི་རུ་ དགེ་ལེགས་ཕུག་ལས་ འཛིན་བཟུང་འབད་ཡོདཔ་བཞིན་དུ་ གསར་སྤང་ལས་ སྐྱེས་ལོ་༣༤ ལང་མི་ རྨགཔ་དེ་གིས་ བྱ་ངན་འབད་ཡོདཔ་སྦེ་ ཁ་བཟེད་ཡི་ཟེར་ཨིན་པས།

ཁྲིམས་སྲུང་འགག་པ་དང་འཁྲིལ་བ་ཅིན་ སྤྱི་ལོ་༢༠༡༨ ཟླ་༧ པའི་ཚེས་༢༠ ལུ་ ཉམས་རྒུདཔ་ཨམ་སྲུ་དེ་ གསང་སྤྱོད་ཀྱི་སྒོ་ཁར་ ལོང་སྡོད་པའི་སྐབས་ རྨགཔ་གིས་ འཕུལ་བཏངམ་ད་ མགུ་ཏོ་གུ་ རྨ་སྐྱོན་བྱུང་བའི་ཤུལ་ལས་ ཤི་སོཔ་སྦེ་ཨིནམ་ད་ རྐྱེན་ངན་བྱུང་བའི་སྐབས་ ཁོ་ར་ ཆང་གིས་འགྲངས་ཡོདཔ་ལས་ ཨམ་སྲུ་དེ་གིས་ ཧད་བཏགས་འཚོལ་ཡི་ཟེར་ཨིན་པས།

རྨགཔ་གི་མནོ་བསམ་ལས་ མོ་ར་ དྲན་མེད་བརྒྱལ་ཡོདཔ་ལས་ རྩིག་གྱང་ཚུན་ འཐེན་བཞག་ཞིནམ་ལས་ ཁོ་ར་ ཡིག་ཚང་སྒོ་བསྡམས་ཏེ་ ལོག་འོང་པའི་སྐབས་ ཚེ་ལས་འདས་སོ་ནུག་ཟེར་ ཁྲིམས་སྲུང་འགག་པ་ལུ་ སླབ་ཡོདཔ་ཨིན་པས།

ཚེ་འདས་ཀྱི་རྨགཔ་གིས་ སེམས་འཚབ་འཚུབ་ཐོག་ལས་ ཚེ་འདས་ཀྱི་ཕུངམ་དེ་ བཙོག་མཛོད་ནང་ བཀོག་བཏང་བའི་ རྗུན་ཁ་བཟེད་ཡོདཔ་ཨིན་པས།

རྐྱེན་ངན་བྱུང་སྟེ་ ཉིནམ་༢ ལངམ་ད་ སྤྱི་ལོ་༢༠༡༨ ཟླ་༧ པའི་ཚེས་༢༢ ལུ་ ཨམ་སྲུ་བྱང་སྟོར་ཤོར་བའི་སྐོར་ ཐིམ་ཕུག་ཁྲིམས་སྲུང་འགག་སྡེ་ལུ་ ཉོགས་བཤད་བཀོད་ཡོདཔ་བཞིན་དུ་ སྤྱི་ལོ་༢༠༡༨ ཟླ་༧ པའི་ཚེས་༢༧ ལུ་ བྱང་སྟོར་ཤོར་མི་ ཨམ་སྲུ་དེ་ ཨ་རོགས་དགའ་རོགས་དང་གཅིག་ཁར་ ནེ་པཱལ་ལུ་ བྱོག་སོང་ནུག་ཟེར་ ཁྲིམས་སྲུང་འགག་སྡེ་ལུ་ ཉོགས་བཤད་བཀོད་ཡོདཔ་ཨིན་པས།

མགོན་པོ་དཔལ་འབྱོར་གྱིས་ སླབ་མིའི་ནང་ ཕོ་སྐྱེས་དེ་ལུ་ རྟོག་མེད་དམར་གསད་དང་ གནས་ཚུལ་རྫུས་མ་ དེ་ལས་ ཁྲིམས་འགལ་སྙན་ཞུ་འབད་ནི་ལུ་ འཐུས་ཤོར་ཡོདཔ་སྦེ་ ཉེས་འཛུགས་བཀལ་ཡི་ཟེར་ཨིན་པས།

ཕུངམ་འཚོལ་མ་འཐོབ་པའི་ ཟླ་༥ འི་ཧེ་མར་ ཁྲོམ་སྡེའི་འཕྱག་ཕྱགས་མི་ཅིག་གིས་ བཙོག་མཛོད་ནང་ལས་ སྣུམ་འཁོར་ཊཱག་ལག་ལེན་འཐབ་སྟེ་ ཆབ་གསང་རྒྱསཔ་ཚུ་ བཏོན་བཀོག་ཡོདཔ་ཨིན་པས།

ཨིན་རུང་ དུས་ཅི་ སྤྱི་ཟླ་༣ པའི་ཚེས་༢༣ ལུ་ ཕྱགམ་འཕྱག་མི་གིས་ ཆུ་རྡོབ་དག་པ་ཅིག་བཏོན་བཏངམ་ད་ རུ་ཏོ་མཐོང་བའི་ཁར་ དེ་གི་ནངས་པར་ སྣུམ་འཁོར་ཊཱག་ལག་ལེན་འཐབ་ནི་སྦེ་ བཟོ་ཡོདཔ་ཨིན་པས།

རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ གནད་དོན་དེ་གི་སྐོར་ལས་ ད་ལྟོ་ བསྐྱར་ཞིབ་འབད་བའི་བསྒང་ཡོད་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

About admin

Check Also

ནད་ཡམས་ཀོ་བིཌ་-༡༩ ཐོབ་མི་ཚུ་ ལོག་འཐོབ་ཉེན་ཡོདཔ།

༉ ནད་ཡམས་ཀོ་བིཌ་-༡༩ ཐོབ་སྟེ་དྲག་མི་ མང་ཤོས་ཅིག་གིས་ ཟླཝ་༣ ལས་༦ དང་ ཡང་ཅིན་ ལོ་༡ དེ་ཅིག་ ནད་འབུབ་མི་འཐོབ་ནི་ཨིན་པའི་ བསམ་འཆར་ཚུ་ བཀོདཔ་ཨིན་པས། དེ་བཟུམ་མའི་ འཆར་སྣང་ལུ་བརྟེན་ …

Leave a Reply

Your email address will not be published. Required fields are marked *