བདུན་ཕྲག་འདི་ནང་ ཚེ་རིང་དཔལ་སྒྲོན་གྱི་ཆ་རོགས་ ལྟ་བཤལ་ལས་སྡེ་ནང་ ལཱ་འབད་མི་༩ གིས་ ཞིང་བརྐོ་ནི་ལུ་ ཆ་རོགས་འབད་བའི་བསྒང་།

ཨམ་སྲུ་ཅིག་ ལྟ་བཤལ་ལམ་སྟོན་པ་ལས་ སོ་ནམ་པ་ལུ་གྱུར་ཡོདཔ།

༉ སྐྱེས་ལོ་༤༣ ལང་མི་ ཨ་ལོ་༢ ཀྱི་ཨའི་ ཚེ་རིང་དཔལ་སྒྲོན་གྱིས་ ནད་ཡམས་ཀོ་བིཌ་-༡༩ མ་ཐོན་པའི་ཧེ་མར་ འབྲུག་ཨེ་ཤི་ཡ་ལྟ་བཤལ་ལས་སྡེ་ནང་ ལོ་ངོ་༡༢ དེ་ཅིག་ ལྟ་བཤལ་ལམ་སྟོན་པ་སྦེ་ ལཱ་འབད་ཡོདཔ་ཨིན་པས།

རྒྱལ་ཁབ་ནང་ ནད་ཡམས་ཐོན་པའི་ཤུལ་ལུ་ ཐོན་ཁུངས་གཞན་མེདཔ་ལས་ མོ་དང་མོ་རའི་ཆ་རོགས་༨ ཀྱིས་ ཚོད་བསྲེ་འཛུག་སྐྱོང་འབད་ནིའི་ འགོ་བཙུགས་ནུག།

ཨིན་རུང་ ལོ་༡ ལངམ་ད་ ཚོད་བསྲེ་འཛུགས་སྐྱོང་ལས་འགུལ་ལས་ ཆ་རོགས་ཚུ་ ཐོན་སོང་ཡོདཔ་ལས་ ད་རེས་ མོ་ར་རྐྱངམ་གཅིག་ ལུས་ཡོད་ནི་དེ་གིས་ གདོང་ལེན་བྱུངམ་མ་ཚད་ ཆུ་ལངམ་སྦེ་མེདཔ་ལས་ ཚོད་བསྲེ་འཛུགས་སྐྱོང་འབད་ནི་ལུ་ དཀའ་ངལ་ཡོདཔ་ཨིན་པས།

ཚེ་རིང་དཔལ་སྒྲོན་གྱིས་ ཆུ་ལྷམ་དང་ ཞྭམོ་བཙུགས་ཏེ་ ལཱ་འབད་འབད་དོ་ཡོདཔ་ད་ མོ་ར་འུ་སྡུག་རུང་ སྤྲོ་སྣང་དང་བཅསཔ་སྦེ་ ལཱ་འབདཝ་ཨིན་པས།

མོ་གིས་ སླབ་མིའི་ནང་ ལམ་སྟོན་པ་སྡེ་ཚན་གྱིས་ ཆུ་འཐེན་འཕྲུལ་ཅིག་ ཉོ་ནིའི་དོན་ལུ་ རྒྱལ་ཡོངས་སི་ཨེསི་ཨའི་དངུལ་ཁང་ལས་ དངུལ་ཀྲམ་༡༤༦༠༠༠ དེ་ཅིག་ སྐྱིན་འགྲུལ་ལེན་ཡོདཔ་ལས་ ཟླ་རིམ་བཞིན་དུ་ སྐྱིན་ཚབ་བཏབ་དགོཔ་མ་ཚད་ ལས་མི་ཚུ་ལུ་ཡང་ གླ་ཆ་སྤྲོད་དགོ་ཟེར་ཨིན་པས།

ཕ་རཱནསི་གི་ མི་ཅིག་གིས་ གྲོགས་རམ་མ་འབད་བ་ཅིན་ ཚེ་རིང་དཔལ་སྒྲོན་གྱིས་ ཚོད་བསྲེ་འཛུགས་སྐྱོང་གི་ལཱ་ འཕྲོ་མཐུད་དེ་ འབད་མ་ཚུགསཔ་ འོང་ཟེར་ཨིནམ་ད་ མི་དེ་གིས་ མི་སྡེ་བརྡ་བརྒྱུད་ནང་ མཐོང་པའི་ཤུལ་ལུ་ རྒྱབ་སྐྱོར་འབད་ཡོདཔ་ཨིན་པས།

ཚེ་རིང་དཔལ་སྒྲོན་གྱིས་འབད་བ་ཅིན་ གནམ་བྱཱར་གྱི་ ཚོད་བསྲེ་བཙོང་མི་ལས་ཐོབ་མི་ ཏི་རུ་གིས་ གནམ་དགུན་གྱི་ ཚོད་བསྲེ་ཚུ་གི་དོན་ལུ་ ཀེ་བ་དང་སྒོགཔ་གི་སོན་ ཉོ་ཡི་ཡོདཔ་བཞིན་དུ་ རྒྱབ་སྐྱོར་མེད་པ་ཅིན་ ལཱ་འབད་མ་ཚུགསཔ་འོང་ཟེར་ཨིན་པས།

རྒྱབ་སྐྱོར་འབད་མི་དེ་ ག་ཨིན་ན་མ་ཤེས་རུང་ མོ་ར་སྐལ་བ་བཟང་ཡོདཔ་ད་ ཕྱི་མི་དེ་གིས་ སོ་ནམ་གྱི་ མཁོ་ཆས་ཉོ་ནིའི་དོན་ལུ་ དངུལ་ཀྲམ་༢༠༠,༠༠༠ བསྐྱལ་ནུག་ཟེར་ མོ་གིས་ བཤད་པའི་ཁར་ རྫས་སྦྱོར་མེད་པའི་ ཚོད་བསྲེ་ཚུ་ ཐོན་སྐྱེད་འབད་ནིའི་དོན་ལུ་ ལཱ་འགོ་བཙུགས་ཡོད་རུང་ ལས་མི་དགོ་པའི་ཁར་ ཟད་འགྲོ་སྦོམ་གནསཔ་ལས་ ཁུངས་ཅིག་མིན་འདུག་ཟེར་ཨིན་པས།

ཁེ་སང་ཕྱེ་ཀ་ཅིག་ ལས་མི་ཚུ་ལུ་ གླ་ཆ་སྤྲོད་དགོཔ་ལས་ ལཱ་ཁག་འདུག་ཟེར་ ཚེ་རིང་དཔལ་སྒྲོན་གྱིས་ བཤད་པའི་ཁར་ ཞིང་ནང་རྩྭ་མི་སྐྱེ་ནིའི་དོན་ལུ་ སྨན་གཏོར་དོ་ཟེར་ བཤདཔ་ཨིན་པས།

ན་ཧིང་ གཞུང་གིས་ ས་ཞིང་འཛིན་སྐྱོང་གི་དོན་ལུ་ ན་གཞོན་དག་པ་ཅིག་ལུ་ རྒྱབ་སྐྱོར་འབད་ཡོདཔ་ད་ རྒྱབ་སྐྱོར་གཞན་འབད་མི་གིས་ ལཱ་འཇམ་ཡོད་རུང་ མི་ཕུད་རྡོག་གཅིག་གིས་ ལཱ་འབད་ནི་དེ་ ལཱ་ཁག་འདུག་ཟེར་ཨིནམ་ད་ གཞུང་ལས་ རྒྱབ་སྐྱོར་མེད་པ་ཅིན་ མཐར་འཁྱོལ་བྱུང་མ་ཚུགསཔ་འོང་ཟེར་ མོ་གིས་ བཤདཔ་ཨིན་པས།

ཆརཔ་རྐྱབ་མི་དང་ ཉིམ་ཤར་མི་ལུ་བརྟེན་  སྐྱ་སྒོགཔ་ཀེ་ཇི་༡༠ དེ་ཅིག་ མེདཔ་ཐལ་ཡོདཔ་ད་ འགྲོ་འགྲུལ་བཀག་དམ་སྐབས་ ཚོད་བསྲེ་ཚུ་ཡང་ ཨརཝ་ཤོར་ཡོདཔ་ཨིན་པས།

མོ་རའི་ཚོད་བསྲེ་བཙོང་ནིའི་དོན་ལུ་ དཀའ་ངལ་མེདཔ་ལས་ ཚོད་བསྲེ་ག་ཅི་འབད་རུང་ འཇམ་ཏོང་ཏོ་སྦེ་ བཙོང་ཚུགས་པས་ཟེར་ ཚེ་རིང་དཔལ་སྒྲོན་གྱིས་ སླབ་ཨིན་པས།

མོ་གིས་ ད་རེས་ ཀེ་བ་བཙུགས་ནི་ འགོ་བཙུགས་ཡོདཔ་ད་ ཉིནམ་༢ དེ་ཅིག་གི་ཧེ་མར་ མོ་རའི་ཆ་རོགས་ ལྟ་བཤལ་ལས་སྡེ་ནང་ ལཱ་འབད་མི་༩ དེ་ཅིག་ རྒྱབ་སྐྱོར་འབད་བར་འོང་ནུག།

མོ་གིས་ སྤ་རོ་དང་ སྐྱབས་ཆ་ ཕོབ་སྦྱིས་ཁའི་ཀེ་བ་ མ་འདྲཝ་གསུམ་བཙུགས་ཡོདཔ་ད་ ཐོན་སྐྱེད་ལྟ་རྟོག་གི་དོན་ལུ་ འཛུགས་སྐྱོང་འབད་ཡི་ཟེར་ཨིན་པས།

ན་ཧིང་བཟུམ་སྦེ་ མོ་གིས་ ཚོད་བསྲེ་ཨེ་མ་དང་ སྲནམ་ཅུམ་ དེ་ལས་ བླམ་བན་ད་ཚུ་ བཙུགས་ནི་ཨིན་རུང་ འདབ་མ་ཀོ་པི་དེ་ཅིག་ར་མི་བཙུགས་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

གནས་བརྟན་རྡོ་རྗེ།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *