ཨམ་སྲུ་ཅིག་ གཟུགས་སྒྱེན་མོ་སྦེ་ དུས་ཐུང་གློག་བརྙན་བཟོ་མི་ མོ་རའི་རྨགཔ་ལུ་ བཙོན་ཁྲིམས་ལོ་༡ བཀལ་ཡོདཔ།

༉ སྐྱེས་ལོ་༣༨ ལང་མི་ ཕོ་སྐྱེས་ཅིག་གིས་ ཁོ་རའི་ཨམ་སྲུ་ཉལ་སྡོདཔ་ད་ དུས་ཐུང་གློག་བརྙན་བཟོ་མི་ལུ་བརྟེན་ སྤ་རོ་རྫོང་ཁག་ཁྲིམས་འདུན་གྱིས་ བཙོན་ཁྲིམས་ལོ་༡ བཀལ་ནུག།
རྫོང་ཁག་ཁྲིམས་འདུན་གྱི་ འཁྲུན་ཆོད་དང་འཁྲིལཝ་ད་ ཉེས་ཅན་གྱིས་འབད་མི་ལཱ་དེ་ འབྲུག་གི་བརྡ་དོན་བརྒྱུད་འབྲེལ་བཅའ་ཁྲིམས་༢༠༡༨ ཅན་མའི་ དོན་ཚན་༤༢༥ དང་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་དོན་ཚན་༣༢༣ དེ་ལས་ ཁྲིམས་དེབ་དེའི་ལེའུ་༣ པའི་དོན་ཚན་༡༢ པ་ཚུ་ལས་ འགལ་ཡོདཔ་ལས་ ཉེས་ཕྲའི་ཉེས་ཁྲིམས་ལོ་༡ སྨིན་དགོཔ་འདུག་ཟེར་བཀོད་ནུག།
ཕོ་སྐྱེས་དེ་ བྱ་ངན་དེ་ལུ་བརྟེན་ འཛིན་བཟུང་འབད་དེ་ དོ་དམ་འོག་ལུ་ ཟླཝ་༡ དང་ཞག་༡༡ བཞག་ཡོདཔ་ལས་ ཁོ་ལུ་ཕོག་མི་ བཙོན་ཁྲིམས་ལས་ མར་ཕབ་འབད་དེ་ ལྷག་ལུས་དོན་ལུ་ ཁྲིམས་འཐུས་བཏབ་ཆོག་ནི་ཨིན་པས།
བྱ་ངན་དེ་ལུ་བརྟེན་ ཉེས་ཅན་ ལ་ལིཋ་ཀུ་མར་ཁར་ཀ་གིས་ ཁོ་རའི་ཨམ་སྲུ་གི་ལུས་སེམས་ལུ་ གནོད་འཚེ་བཀལ་མ་བཀལ་གྱི་ཐད་ཁར་ ཁྲིམས་འདུན་གྱིས་ ཞིབ་དཔྱད་མཐིལ་ཕྱིན་འབདཝ་ད་ ཉེས་ཅན་གྱིས་ ཁོ་རའི་ཨམ་སྲུ་དེ་ ཆང་འགྲངས་ཏེ་ ཉལ་སྡོད་པའི་སྐབས་ མནོ་བཞིན་བསམ་བཞིན་དུ་ གོ་ལ་ལུ་བཤུབ་སྟེ་ གློག་ཐུང་བཟོ་བའི་ཁར་ པར་བཏབ་སྟེ་ མི་སྡེ་བརྡ་བརྒྱུད་ནང་ལས་ཕར་ བཀྲམ་ནི་ཟེར་ འཇིགས་སྣང་འབད་ཡོད་རུང་ བཀྲམ་སྤེལ་མ་འབད་བར་ བཞག་ཡོདཔ་ཨིན་པས།
ཞིམ་དཔྱད་འབད་བའི་སྐབས་ ཉམས་རྒུདཔ་མོ་ར་ གཉེན་རྐྱབ་པའི་ཨམ་སྲུ་ཅིག་ཨིན་རུང་ མོ་ལུ་ ཨ་རོགས་དགའ་རོགས་ཡོད་པའི་ གྲུབ་རྟགས་ཐོན་ཡོདཔ་ལས་ ཉེས་ཅན་ལུ་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་ཀྱི་ ལེའུ་༥ པའི་དོན་ཚན་༣༦ ལྟར་ རྒུད་འཐུས་སྤྲོད་དགོཔ་སྦེ་ཡོད་མི་དེ་ སྤྲོད་ཐབས་མེད་པའི་ འཁྲུན་ཆོད་གནང་ནུག།
པར་བཏབ་ནི་དང་ གློག་ཐུང་བཟོ་ནིའི་ནང་ ལག་ལེན་འཐབ་མི་འགྲུལ་འཕྲིན་ བཙན་ལེན་འབད་ནིའི་ཐད་ ཉེས་ཅན་གྱིས་ ཁྲིམས་སྲུང་འགག་པ་ལུ་ ཉེས་ལས་འཐབ་ཡོད་པའི་ ཁས་ལེན་མ་འབད་བའི་ཁར་ ཁྲིམས་འདུན་ལུ་ཡང་ ངོས་ལེན་མ་འབདཝ་ད་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ཡང་ ཁོ་གིས་འབག་ཡོད་པའི་ སྒྲུབ་བྱེད་ཕུལ་ནི་མེདཔ་ལས་ གནད་དོན་དེ་ ཕྱིར་འབུད་འབད་ཡོདཔ་ཨིན་པས།
བྱ་ངན་དེ་ཡང་ ན་ཧིང་ སྤྱི་ཟླ་༧ པའི་ཚེས་༡༩ ལུ་ སྤ་རོ་མྱང་མེད་ཟམ་པའི་ཉེ་འདབས་ལུ་ཡོད་མི་ ཁོང་སྡོད་སའི་ཁྱིམ་ནང་ བྱུང་ཡོད་པའི་ཁར་ ཉེས་ཅན་གྱིས་ ཨམ་སྲུའི་བརླད་དོ་གུ་ལས་ ཚིག་ངན་ཚུ་བྲིས་ཏེ་ མོ་དང་གཅིག་ཁར་ ལུས་འབྲེལ་འབད་འདོད་ཡོད་མི་ཚུ་ལུ་ བརྒྱུད་འཕྲིན་ཨང་བྲིས་ཏེ་ པར་བཏབ་བཞག་ཡོདཔ་ཨིན་པས།
ཉམས་རྒུདཔ་ཨམ་སྲུ་གིས་ ཉེས་འཛུགས་ཅན་གྱིས་ ཏི་རུ་དང་ གསེར་གྱི་རྒྱན་ཆ་ དེ་ལས་ འགྲུལ་འཕྲིན་ཨའི་ཕཱོན་ཅིག་དང་ གྱོན་ཆས་ཀྱི་རིགས་ཚུ་ཡང་ ཨུ་ཚུགས་བསྐྱེད་ཐོག་ལས་ འབག་འགྱོ་བའི་ཁར་ འཕྲལ་འཕྲལ་སྦེ་ར་ མོ་གི་ ཚོང་ཁང་ནང་འོང་སྟེ་ མིག་སེར་ལྟ་སྟེ་ སྡུག་སྦྱོང་བྱིན་ནི་ཡོད་ཟེར་ ཞུ་ནུག།
རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཁྲིམས་འདུན་ལུ་ ཉེས་འཛུགས་འབད་བའི་སྐབས་ ཉེས་ཅན་ལུ་ ཉེས་ཕྲའི་ཉེས་ཁྲིམས་ བཙོན་ཁྲིམས་ལོ་༡ ལས་ མཐོ་ཤོས་ལོ་༣ གྱི་བར་ན་ བཀལ་དགོ་པའི་ ཞུ་བ་འབད་ཡོདཔ་ད་ འཁྲུན་ཆོད་དེ་ཡང་ སྤྱི་ཟླ་༦ པའི་ཚེས་༢༦ ལུ་ བཏོན་ཡོད་པའི་གནས་ཚུལ།
བཀྲིས་བསྟན་འཛིན།

About admin

Check Also

བོང་ཟམ་ཚུན་ འཁོར་ལམ་བསལ་ཡོད་རུང་ ཟམ་མེདཔ།

༉ ཀྲོང་གསར་ ནུབ་སྦིས་རྒེད་འོག་ལྟེ་བ་ལས་ ཆུའི་ཕར་ཁ་དང་ ཚུར་ཁར་སྡོད་མི་ཚུ་ རྒེད་འོག་ལྟེ་བའི་ནང་འོང་པའི་སྐབས་ སྟབས་བདེ་ཏོག་ཏོ་བཟོ་ནིའི་དོན་ལུ་ བསྐོར་ལམ་མཐུད་སྦྲེལ་འབད་ནི་དེ་ བོང་ཟམ་ཚུན་ བསལ་ཡོདཔ་ཨིན་རུང་ མང་སྡེ་ཆུའི་གུ་ལས་ ཟམ་མེདཔ་ཨིན་པས། ཟམ་བཟོ་སྐྲུན་འབད་བའི་ཤུལ་ལས་ མང་སྡེ་ཕུག་དང་ ལྗོངས་ཐང་ …

Leave a Reply

Your email address will not be published. Required fields are marked *