༉ ཉེས་འཛུགས་ཅན་ ཆོས་ཉིད་བཟང་མོ་གིས་ མོང་སྒར་ སྐྱིད་བདེ་མཁར་གཡུས་ཚན་གྱི་ ཁྱིམ་ཅིག་ནང་འཛུལ་ཏེ་ ཅ་ཆས་ཚུ་ ཨར་རྐུན་འབད་བའི་ཁར་ ཁྱིམ་མེ་སྤར་མི་ལུ་བརྟེན་ ཁྲིམས་འདུན་གྱིས་ ཉེས་ཁྲིམས་སྟབས་གཅིག་སྦེ་ ལོ་༤ དང་ཟླཝ་༦ བཀལ་ནུག།
དེ་ཡང་ ཁྲིམས་འདུན་ལས་ དབྱེ་བཤེར་རིམ་པར་མཛད་དེ་ ཁྲིམས་ཀྱི་དགོངས་དོན་ལྟར་ ཉེས་འཛུགས་ཅན་ ཆོས་ཉིད་བཟང་མོ་ལུ་ ཉེས་ཁྲིམས་ཁག་གཉིས་ སྨིན་དགོཔ་བྱུང་མི་དེ་ འཛིན་བཟུང་འབད་བའི་ ཉིནམ་ལས་འགོ་བཙུགས་ བཙོན་ཁྲིམས་ལོ་༤ དང་ཟླཝ་༦ བཀལ་ནུག།
དེ་ཡང་ སྤྱི་ཟླ་༡ པའི་ཚེས་༢༧ ལས་ སྤྱི་ལོ་༢༠༢༡ ཟླ་༡ ཚེས་༢༦ ཚུན་ལོ་༤ ཉེས་ཁྲིམས་སྟབས་གཅིག་སྦེ་ བཀལ་ཡོདཔ་སྦེ་ཨིན་པས།
མ་གཞི་ ཉེས་ཅན་ཨམ་སྲུ་དེ་གིས་ ཉམས་རྒུད་པའི་ ཁྱིམ་གྱི་སྒོའི་ མནལ་ལྕགས་སྤོག་བཏང་སྟེ་ ཁྱིམ་ནང་འཛུལ་ཞིནམ་ལས་ ཅ་ཆས་བཙུགས་མི་ སྒྲོམ་གྱི་ལྟེ་མིག་སྤོག་སྟེ་ གསེར་གྱི་ཅ་ཆས་དང་ དཀྱི་ར་ དངུལ་ཚུ་ བཏོན་འབག་མི་ལུ་བརྟེན་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་ཀྱི་ དགོངས་དོན་ལས་འགལ་ཡོདཔ་ལས་ དབྱེ་རིམ་༤ པའི་ཉེས་ཁྲིམས་ ལོ་༤ བཀལ་ནུག།
དེ་བཟུམ་སྦེ་ ཉེས་འཛུགས་ཅན་ཨམ་སྲུ་དེ་གིས་ ཉམས་རྒུད་པའི་ཁྱིམ་ནང་ལས་ ཅ་ཆས་དང་ ཏི་རུ་ཚུ་ ཨར་རྐུན་འབད་དེ་ ཉིན་གྲངས་༤ ལངམ་ད་ ད་རུང་ ཁྱིམ་ནང་འཛུལ་ཏེ་ ཉལ་ཁང་གི་ ཉལ་ཁྲིའི་གདན་ཁེབས་གུ་ལས་ མེ་སྤར་ཡོདཔ་བཞིན་དུ་ ཉལ་ཁང་དེ་མེ་གིས་འཚིགས་ཡོདཔ་ལས་ཉེས་ཁྲིམས་ལོ་༤ བཀལ་ནུག།
དེ་བཟུམ་སྦེ་ སྤྱི་ལོ་༢༠༡༦ ཟླ་༣ པའི་ཚེས་༢༨ ལུ་ ཉེས་འཛུགས་ཅན་ ཆོས་ཉིད་བཟང་མོ་གིས་ ཉམས་རྒུདཔ་ ཡེ་ཤེས་རྡོ་རྗེ་གི་ ཁྱིམ་ནང་འཛུལ་ཏེ་ གསེར་གྱི་རྒྱན་ཆ་ སིན་ཅུང་ཆ་༢ རྡོ་རྗེ་ཆུང་བ་༡ མཛུབ་དཀྱི་༣ བྱུ་རུ་ཆ་༢ ཨརཝ་རྐུན་འབད་བའི་རྗེས་སུ་ སིན་ཅུང་ཆ་༡ རྡོ་རྗེ་ཆུང་བ་༡ མཛུབ་དཀྱི་༣ སླར་ལོག་ཐོབ་སྟེ་ ཉེས་འདོགས་པ་གིས་ ཉམས་རྒུད་པ་ལུ་ རྩིས་སྤྲོད་འབད་མི་དང་ སིན་ཅུང་ཆ་༡ དང་ བྱུ་རུ་ཆ་༢ ལོག་ཐོབ་མ་ཚུགས་ཟེར་ཨིན་པས།
བཤེར་བཅུད་དང་འཁྲིལ་བ་ཅིན་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལས་ ངོ་ཚབ་འགོ་དཔོན་ ཀུན་ལེགས་ཚེ་རིང་གིས་ ཁྲིམས་འདུན་ལུ་ གསལ་ཞུ་འབད་མིའི་ནང་ སྤྱི་ལོ་༢༠༡༧ ཟླ་༡ པའི་ཚེས་༡༨ ཕྱི་རུ་ཆུ་ཚོད་༧ དེ་ཅིག་ཁར་ སྐྱེས་ལོ་༣༥ ལང་མི་ ཆོས་ཉིད་བཟང་མོ་གིས་ ཉམས་རྒུདཔ་བདེ་ཆེན་དཔལ་སྒྲོན་གྱི་ ཉལ་ཁང་ནང་ཡོད་པའི་ སྒྲོམ་གྱི་ལྡེ་མིག་སྤོག་སྟེ་ གསེར་གྱི་སིན་ཅུང་ཆ་གཉིས་དང་ གསེར་སྒྲོན་ཀོ་མ་ཆ་གཅིག་ དངུལ་ཤན་ཕོརཔ་གཅིག་ ལྦཝ་གི་ཕོརཔ་གཅིག་ ཐིང་ཁབ་གསེར་སྒྲོན་ཀོ་མ་ཆ་གཅིག་ དཀྱི་ར་མེ་ཏོག་ཅན་གཅིག་ དེ་ལས་ སྐུད་ཤུ་ཐགས་རས་ ཕྱེད་ཀ་འབད་མི་གཅིག་ ཨརཝ་རྐུ་ནུག་ཟེར་ཨིན་པས།
དེ་བཟུམ་སྦེ་ དངུལ་གྱི་རྟགས་མ་གཅིག་ ཟངས་ཀྱི་རྟགས་མ་གཅིག་ ཁྲི་མངའ་གསོལ་གྱི་ཐ་ལ་དྲུག་ བྱུ་རུ་ཤེལ་སྐོར་གཉིས་ བོད་ཀྲམ་དྲུག་ གསེར་གྱི་གདོབ་ཅུ་གཅིག་ གཡང་རྫས་ནང་བཞག་མི་ དང་ཕུའི་ཏི་རུ་རྙིངམ་བསྡོམས་དངུལ་ཀྲམ་༨,༤༥༥/- དང་ དངུལ་རྐྱང་༢༦,༠༠༠/-ཐམ་པ་བཅས་ ཨར་རྐུན་འབད་མི་ཚུ་ ཁས་ལེན་འབད་ཡི་ཟེར་ཞུ་ནུག།
ཉམས་རྒུད་པའི་ ཁྱིམ་ནང་ལས་ ཅ་ཆས་ཚུ་ ཨར་རྐུན་འབད་མི་ཚུ་ བདའ་ཟུན་འོང་མནོ་སྟེ་ སྤྱི་ཟླ་༡ པའི་ཚེས་༢༢ ཀྱི་ཕྱི་རུ་ ཉེས་འཛུགས་ཅན་གྱིས་ ཉམས་རྒུད་པའི་ ཁང་མིག་ནང་འཛུལ་ཏེ་ ཉལ་ཁྲི་གི་ གདན་ཁེབས་གུ་ལས་ མེ་སྤར་བཏང་ཡོདཔ་བཞིན་དུ་ ཉལ་ཁང་མེ་གིས་ འཚིགས་ཡོདཔ་ལས་ ཉེས་འཛུགས་ཅན་གྱིས་ ཁས་ལེན་འབད་ནུག།
བཀྲིས་སྒང་རྫོང་ཁག་ གླུ་མང་རྒེད་འོག་ གཡུས་བདེ་ནོ་ལས་ཨིན་མི་ ཉེས་འཛུགས་ཅན་ ཆོས་ཉིད་བཟང་མོ་དེ་ རྨགཔ་དང་གཅིག་ཁར་ སྐྱིད་བདེ་མཁར་ལུ་ སྡོད་ཡོདཔ་ད་ ཉེས་འཛུགས་ཅན་གྱིས་ ཁྲིམས་འགེལ་འབད་བའི་རྗེས་སུ་ སྤྱི་ཟླ་༡ པའི་ཚེས་༢༧ ལུ་ ཁྲིམས་སྲུང་འགག་པ་གིས་ འཛིན་བཟུང་འབད་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པ་གིས་ བཙན་བཟུང་འབད་མི་ ཨར་རྐུན་གྱི་རྒྱུ་དངོས་ཚུ་ ཉེས་དོགས་པ་ རྩོད་དཔོན་ཡོངས་ཁྱབ་བརྒྱུད་དེ་ ཉམས་རྒུདཔ་ བདེ་ཆེན་དཔལ་སྒྲོན་ལུ་ སོར་ཆུད་འབད་ཡོདཔ་ནུག།
ཨིན་རུང་ ཐོབ་མ་ཚུགས་མི་ དངུལ་ཀྲམ་༢༦,༠༠༠ དང་ ཕྱིའི་རྒྱལ་གྱི་དངུལ་ ཡུ་ཨེསི་དྲོ་ལར་༣༧ དེ་ལས་ དངུལ་ཀྲམ་༡,༢༡,༢༨༠ གནས་མི་ མེ་གིས་ འཚིགས་ཡོད་པའི་རྒྱུ་དངོས་བཅས་ ཡོངས་བསྡོམས་དངུལ་ཀྲམ་༡༤༩,༦༨༥ དེ་ ཉེས་འཛུགས་ཅན་གྱིས་ འཁྲུན་ཆོད་གནང་བའི་ཉིནམ་ལས་ ཟླ་ངོ་གསུམ་གྱི་ནང་འཁོད་ ཉམས་རྒུདཔ་ལུ་ ཚང་འགྲིག་སོར་ཆུད་འབད་དགོཔ་སྦེ་ ཨིན་པས།
དེ་ཡང་ ཉམས་རྒུདཔ་ ཡེ་ཤེས་རྡོ་རྗེ་ལུ་ གསེར་གྱི་སིན་ཅུང་ཆ་གཅིག་གི་ཚབ་ལུ་ དངུལ་ཀྲམ་༦,༩༣༥ འཁྲུན་ཆོད་གནང་བའི་ཉིནམ་ལས་རྩིས་ཏེ་ ཉིན་གྲངས་༡༠ གྱི་ནང་འཁོད་ལུ་ སྤྲོད་དགོཔ་སྦེ་ འཁྲུན་ཆོད་གནང་པའི་གནས་ཚུལ།
མོང་སྒར་ལས་ བཀྲིས་ཕུན་ཚོགས།