བུམ་ཐང་རྫོང་ཁག་ཁྲིམས་ཁང་།

ཨམ་སྲུ་ཅིག་ལུ་ ཚུལ་མིན་ཐོག་ ཕྱི་མིའི་ཨ་ལོ་ནང་འདྲེན་འབད་བའི་ ཉེས་བྱ་བཀལ་ཡོདཔ།

༉ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཨམ་སྲུ་ཅིག་ལུ་ བུམོ་སྐྱེས་ལོ་༨ ལང་མི་ཅིག་ ཉེས་ཚོང་འཐབ་ཡོད་པའི་ ཉེས་འཛུགས་འབད་ཡོད་རུང་ བུམ་ཐང་རྫོང་ཁག་ཁྲིམས་འདུན་གྱིས་ བསྒྱུར་བཅོས་འབད་དེ་ ཁྲིམས་འགལ་ཐོག་ ཕྱི་མི་ནང་འདྲེན་འབད་བའི་ ཉེས་བྱ་བཀལ་ཡོདཔ་ཨིན་པས།
སྤྱི་ཟླ་༨ པའི་ཚེས་༢༢ ལུ་གནང་མི་ འཁྲུན་ཆོད་ནང་ རྩོད་ཟླ་ཨམ་སྲུ་གིས་ རྒྱ་གར་གྱི་མི་ཁུངས་ཨིན་མི་ ཨ་ལོ་དེ་ ནང་འདྲེན་འཐབ་ཞིནམ་ལས་ མོ་དང་གཅིག་ཁར་ སྡོད་པའི་སྐབས་ རྨ་སྐྱོན་ཚབས་ཆེན་བྱུང་རུང་ ལྟ་རྟོག་མ་འབད་བར་ བདག་མེད་བཞག་མི་ལུ་བརྟེན་ ཨ་ལོ་ལུ་ རྒུད་འཐུས་བཏབ་དགོ་པའི་ བཀའ་རྒྱ་ཡང་གནང་ནུག།
ཨ་ལོ་ཉེས་ཚོང་འཐབ་ཡོད་པའི་ སྒྲུབ་བྱེད་གསལ་སྟོན་འབད་མ་ཚུགསཔ་ལས་ ཁྲིམས་འདུན་གྱིས་ ཉེས་འཛུགས་དེ་ བསྒྱུར་བཅོས་འབད་ཡོདཔ་ཨིན་པས།
རྩོད་ཟླ་གིས་ ཁྲིམས་ཀྱི་འདུན་སར་ ཞུ་མིའི་ནང་ བུམོ་ཅུང་དེ་ བུམ་ཐང་ལུ་ འཁྱིད་འོང་པའི་སྐབས་ རྒྱ་གར་གྱི་ མི་ཁུངས་ཨིནམ་ མ་ཤེས་མི་དེ་ཡང་ བུམོ་དེ་གིས་ ཁ་སྐད་ཡང་ རྫོང་ཁ་སླབ་ཡོདཔ་མ་ཚད་ མོ་གི་མིང་ཡང་ འབྲུག་ལྷོ་མཚམས་པའི་ མིང་ཨིནམ་ལས་འབྲུག་པའི་མི་ཁུངས་ཨིནམ་སྦེ་ མནོ་སྟེ་ འཁྱིད་འོང་ཡི་ཟེར་པས།
འཁྲུན་ཆོད་དང་འཁྲིལཝ་ད་ བུམོ་དེ་ འཁྱིད་འོངམ་ད་ མི་ཁུངས་ཀྱི་ བརྟག་ཞིབ་ལེགས་ཤོམ་མ་འབད་བའི་ཁར་ འབྲུག་པའི་མི་ཁུངས་ཨིན་པའི་ སྒྲུབ་བྱེད་སྟོན་མ་ཚུགསཔ་ལས་ འབྲུག་མི་མེནམ་སྦེ་ བརྩི་འཇོག་འབད་ནུག།
དེ་འབདཝ་ལས་ ཁྲིམས་འདུན་གྱིས་ བུམ་ཐང་རང་བཞིན་ཐོན་སྐྱེད་གོང་འཕེལ་ལས་འཛིན་ནང་ ལཱ་འབད་མི་ རྩོད་ཟླ་ཨམ་སྲུ་དེ་ལུ་ འབྲུག་གི་ཕྱི་མི་ནང་སྐྱོད་བཅའ་ཁྲིམས་ཀྱི་ དོན་ཚན་༡༣༥ པ་དང་འཁྲིལ་ ཉེས་བྱ་དངུལ་ཀྲམ་༩,༩༠༠ བཀལ་ནུག།
རྩོད་ཟླ་གིས་ ཨ་ལོ་དེ་ གསོ་སྐྱོང་འབད་ནི་སྦེ་ འཁྱིད་ཡོདཔ་ཨིན་རུང་ བུམ་ཐང་ལུ་ལྷོདཔ་ད་ ལཱ་འབད་མི་སྦེ་ བཞག་པའི་ཁར་ བརྡུང་རྫོབ་འབད་ཡོདཔ་མ་ཚད་ མེ་ནང་འཕུལ་བཀོག་ནུག་ཟེར་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཁྲིམས་འདུན་ལུ་ ཞུ་ཡོདཔ་ཨིན་པས།
དཔང་པོ་ཚུ་གིས་ ཁྲིམས་འདུན་ལུ་ རྩོད་ཟླ་གིས་ ཉམས་རྒུདཔ་དེ་ མོ་རའི་ཨ་ལོ་ཚུ་དང་ ཉེ་རིང་མེད་པར་ བདག་འཛིན་འཐབ་ཡོད་པའི་ ངག་བརྗོད་ཕུལ་ཡོདཔ་ཨིན་པས།
གནད་དོན་དེ་ ན་ཧིང་སྤྱི་ཟླ་༤ པའི་ནང་ བུམོ་ཅུང་དེ་ དབང་འདུས་ཆོས་གླིང་སྨན་ཁང་ནང་ འཁྱིད་འོངམ་ད་ རྨ་སྐྱོན་སྦོམ་བྱུང་ཡོདཔ་ལས་ དྲུང་འཚོ་གིས་ བརྡུང་རྫོབ་འབད་ཡོད་པའི་ དོགས་པ་ཆགས་ཏེ་ ཁྲིམས་སྲུང་འགག་སྡེ་ལུ་ སྙན་ཞུ་འབད་བའི་ཤུལ་ལུ་ ཐོན་ཡོདཔ་ཨིན་པས།
ཉམས་རྒུད་པ་བུམོ་ཅུང་དེ་གིས་ རྒྱལ་ཡོངས་ཨམ་སྲུ་དང་ ཨ་ལོ་ལྷན་ཚོགས་ལུ་ རྩོད་ཟླ་གིས་ མོ་བརྡུང་རྫོབ་འབད་ཡོདཔ་མ་ཚད་ མེ་ནང་འཕུལ་བཀོག་ཡོདཔ་ལས་ རྨ་སྐྱོན་བྱུང་ཡོདཔ་སྦེ་ སླབ་ཡོདཔ་ཨིན་པས།
དཔང་པོ་ཅིག་གིས་ ངག་བརྗོད་ཕུལ་མིའི་ནང་ ཁོ་ར་ རྩོད་ཟླའི་ཁྱིམ་ནང་ འགྱོ་བའི་སྐབས་ ཨ་ལོ་ཅིག་ རྔུ་ས་གོ་སྟེ་ བལྟ་བའི་སྐབས་ བུམོ་དེ་ མེ་ནང་རྦོབ་རིལ་ཡོདཔ་ལས་ ཁོ་གིས་འཐུ་སྟེ་ ཆུ་སྦང་བྱིན་ཡི་ཟེར་ཨིན་པས།
འཁྲུན་ཆོད་ནང་ བུམོ་དེ་ མེ་ནང་རྦོབ་རིལ་ཡོདཔ་མ་གཏོགས་ འཕུལ་བཀོག་བའི་ མངོན་རྟགས་མ་བྱུངམ་མ་ཚད་ དཔང་པོ་གཞན་༥ གིས་ ཉམས་རྒུདཔ་དང་ རྩོད་ཟླའི་ཨ་ལོ་དེ་ ཉེ་རིང་མེད་པར་ འདྲ་མཉམ་སྦེ་ བདག་འཛིན་འཐབ་ཡོད་པའི་ ངག་ཐོག་ལུ་ ཞུ་ཡི་ཟེར་བཀོད་ནུག།
རྩོད་བཤེར་འབད་བའི་སྐབས་ ཨ་ལོ་དེ་ མེ་ནང་འཕུལ་བཀོག་ཡོད་པའི་ སྒྲུབ་བྱེད་གསལ་སྟོན་འབད་མ་ཚུགསཔ་ཨིན་རུང་ ཉམས་རྒུད་པའི་གཟུགས་ཁར་ རྨ་ཤུལ་དང་ རྐངམ་གཡོན་པའི་མཛུབ་མོ་སྦོམ་དེ་ བཏོག་བཀོག་ཡོདཔ་ལས་ མོ་གི་དབང་པོ་ཆ་ཤས་ཅིག་ལྕོགས་གྲུབ་མེདཔ་ ཐལ་ཡོདཔ་ཨིན་པས།
ཁྲིམས་འདུན་གྱིས་ རྩོད་ཟླ་ལུ་ ཉམས་རྒུདཔ་དེ་ གཟུགས་ཁར་རྨ་སྐྱོན་བྱུང་པའི་སྐབས་ མོ་ར་དང་སྡོད་རུང་ བདག་མེད་བཞག་མི་ལུ་བརྟེན་ ཉམས་རྒུད་པ་ལུ་ རྒུད་འཐུས་དངུལ་ཀྲམ་༡༨༠,༠༠༠ སྤྲོད་དགོ་པའི་ ཁྲིམས་ཀྱི་བཀའ་རྒྱ་གནང་ཡོད་པའི་གནས་ཚུལ།

ཉིམ་རྡོ་རྗེ། ཀྲོང་གསར།

 

About admin

Check Also

ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ …

Leave a Reply

Your email address will not be published. Required fields are marked *