ཨམ་སྲུ་ཅིག་ལུ་ ཕྱི་མི་ནང་སྐྱོད་ཀྱི་ ཉེས་ཁྲིམས་བཀལ་མི་ལུ་ བསྒྱུར་བཅོས་མེདཔ།

༉ བུམ་ཐང་རྫོང་ཁག་ཁྲིམས་འདུན་གྱིས་ ཨམ་སྲུ་ཅིག་ལུ་ ཕྱི་མི་ནང་སྐྱོད་འབད་བའི་ ཉེས་ཁྲིམས་དང་ རྒུད་འཐུས་སྤྲོད་བཅུག་མི་རྩོད་བཤེར་ལུ་ ཆེ་མཐོ་ཁྲིམས་འདུན་གྱིས་ ཆ་ཤས་ཅིག་ བསྒྱུར་བཅོས་འབད་ཡོད་རུང་ རྫོང་ཁག་ཁྲིམས་འདུན་གྱི་འཁྲུན་ཆོད་ལུ་ བསྒྱུར་བཅོས་མེདཔ་ཨིན་པས།

རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཉེས་འཛུགས་ཅན་ ཨམ་སྲུ་དེ་ལུ་ བྱིས་པ་ཉེས་ཚོང་འཐབ་པའི་ ཉེས་འཛུགས་འབད་ ཡོད་རུང་ རྫོང་ཁག་ཁྲིམས་འདུན་གྱིས་ ཉེས་འཛུགས་དེ་ འགྱུར་ལྡོག་འབད་དེ་ ཕྱི་མི་ནང་སྐྱོད་ཀྱི་ ཉེས་འཛུགས་དང་གཅིག་ ཁར་ རྒུད་འཐུས་དངུལ་ཀྲམ་༡༨༠,༠༠༠ སྤྲོད་དགོ་པའི་ འཁྲུན་ཆོད་བཏོན་མི་ལུ་ མཐོ་གཏུགས་འབད་ཡོདཔ་ཨིན་པས།

རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ མཐོ་གཏུགས་གནད་དོན་གཞན་མི་དེ་ རྫོང་ཁག་ཁྲིམས་འདུན་གྱིས་ ཉམས་རྒུདཔ་དང་ གསོ་བའི་ཌོག་ཊར་ པདྨ་དབང་ཕྱུག་ དེ་ལས་ ལ་ཆི་མ་ཡ་བུ་ཇེལ་༣ ཁྲིམས་འདུན་གྱིས་ འབོ་བཀུག་འབད་དེ་ དྲི་དཔྱད་མ་འབད་བའི་སྐོར་ལས་ ཞུ་ནུག།

དེ་ལུ་ ཆེ་མཐོ་ཁྲིམས་འདུན་གྱིས་ ལ་ཆི་མ་ཡ་བུ་ཇེལ་དེ་ ཁ་བྱང་བྱིན་མི་ལྟར་ ཁྲིམས་འདུན་གྱིས་ འོང་དགོ་པའི་ བཀའ་རྒྱ་བཏང་རུང་ འོང་མ་བཏུབ་ལས་ འབོ་བཀུག་འབད་ནིའི་འགན་ཁུར་དེ་ ཁྲིམས་འདུན་ལུ་ མི་ཕོག་ཟེར་ཨིན་པས།

ཨིན་རུང་ མོ་གིས་ ཁྲིམས་སྲུང་འགག་པ་ལུ་ ངག་བརྗོད་བྱིན་མིའི་ནང་ མོ་གིས་ ཉམས་རྒུདཔ་དེ་ བུམ་ཐང་ལུ་ ཁྱིད་འོང་ བའི་སྐོར་ལས་ བཀོད་ཡོདཔ་མ་གཏོགས་ བྱིས་པ་ཉེས་ཚོང་འཐབ་པའི་སྐོར་ བཀོད་དེ་མེདཔ་ལས་ དངོས་མཐོང་གྱི་དཔང་པོ་སྦེ་ ངོས་ལེན་འབད་ནིའི་ སྒྲུབ་བྱེད་མ་མཐོང་ཟེར་བཀོད་ནུག།

དེ་ལས་ ཌོག་ཊར་གྱི་ཐད་ཁར་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཉེས་འཛུགས་ཅན་གྱིས་ ཉམས་རྒུདཔ་ལུ་ བརྡུང་རྫོབ་དང་རྩུབ་སྤྱོད་འབད་བའི་ ཉེས་འཛུགས་ག་ནི་ཡང་ འབད་དེ་མེད་རུང་ ཉམས་རྒུད་པའི་གཟུགས་ཁར་ རྨ་སྐྱོན་བཏོན་ཡོད་མི་ལུ་ གསོ་བའི་བརྟག་ཞིབ་འབད་བའི་ སྙན་ཞུ་ནང་ ཁ་གསལ་བཀོད་ཡོད་མི་དེ་ ཁྲིམས་འདུན་གྱིས་ སྒྲུབ་བྱེད་བཅའ་ཁྲིམས་ལྟར་ ངོས་ལེན་འབད་དེ་ ཉམས་རྒུདཔ་དེ་ ཉེས་འཛུགས་ཅན་དང་གཅིག་ཁར་སྡོད་པའི་སྐབས་ མོ་ལུ་ཉེན་སྐྱོབ་འབད་ནི་དེ་ ཉེས་འཛུགས་ཅན་གྱི་ འགན་ཁུར་ཨིནམ་ལས་ མོ་གིས་ བརྡུང་རྫོབ་འབད་བའི་ ར་ཁུངས་བཀལ་ནི་མེད་རུང་ གསོ་སྐྱོང་འབད་བའི་སྐབས་ ཉེན་སྐྱོབས་འབད་མ་འབདཝ་ལས་བརྟེན་ རྒུད་འཐུས་དངུལ་ཀྲམ་༡,༨༠,༠༠༠ སྤྲོད་དགོ་པའི་ འཁྲུན་ཆོད་བཏོན་ནུག།

གནད་དོན་དེའི་སྐོར་ལས་ སྤྱི་ལོ་༢༠༡༨ ལུ་ ཤེས་རྟོགས་བྱུངམ་ད་ རྒྱ་གར་གྱི་ཨ་ལུ་དེ་ ཉེས་འཛུགས་ཅན་དང་གཅིག་ཁར་སྡོད་ དེ་ ལོ་༢ དེ་ཅིག་ ལང་ཡོདཔ་ཨིན་པས།

མཐོ་གཏུགས་ལུ་ ཆེ་མཐོ་ཁྲིམས་འདུན་གྱིས་ ཞིབ་དཔྱད་འབད་བའི་སྐབས་ ཉམས་རྒུད་པའི་ཨའི་གིས་ བློ་འདོད་ལྟར་ སྤྲོད་ཡོད་པའི་ ར་ཁུངས་བྱུང་ཡོདཔ་སྦེ་ བཀོད་ནུག།

དེ་མ་ཚད་ རྩོད་དཔོན་ཡོངས་ཁྱབ་ཀྱི་ཁ་ཐུག་ལས་འབད་རུང་ གནད་དོན་དེ་ ཁྲིམས་འདུན་ལུ་ བཙུགས་པའི་སྐབས་ལུ་ཡང་ དྲག་ཤུགས་དང་བཙན་སྐུལ་ བཙན་ཁྲིད་ གཡོ་ཟོལ་ མགུ་བསྐོར་ བཀོལ་སྤྱོད་ ཡང་ན་ འབྲེལ་བ་ཡོད་མི་ མི་ཚུ་ལུ་བར་འཐུས་སྤྲོད་པ་ ཡང་ན་ གཡིབ་བཞག་པ་ ཡང་ཅིན་ ལཱ་སར་བཙུགས་པ་ལ་སོགས་པ་འབད་བའི་སྐོར་ལས་ ག་ནི་ཡང་ སྒྲུབ་མ་ཚུགས་ཟེར་ བཀའ་རྒྱ་ནང་བཀོད་ནུག།

དེ་མ་ཚད་ བྱིས་པ་ཉེས་ཚོང་འཐབ་པའི་སྒྲུབ་བྱེད་ཡང་ འབྲུག་གི་ཞི་རྩོད་དང་ཉེས་རྩོད་བྱ་བའི་གནད་སྤྱོད་ཀྱི་ དོན་ཚན་༩༦.༢ ལྟར་ སྒྲུབ་མ་ཚུགསཔ་ལས་ ཐོག་མའི་ཁྲིམས་འདུན་གྱི་ཉེས་འཛུགས་དེ་ འབྲུག་གི་ཞི་རྩོད་དང་ཉེས་རྩོད་བྱ་བའི་གནད་སྤྱོད་ཀྱི་ ཁིམས་དེབ་དོན་ཚན་༡༨༧.༣ ལྟར་ འགྱུར་ལྡོག་འབད་ཡོད་མི་དེ་ལུ་ ཆེ་མཐོ་ཁྲིམས་འདུན་གྱིས་ ཆ་གནས་འབད་ཡོད་ཟེར་བཀོད་ནུག།

ཉེས་འཛུགས་ཅན་ལུ་ ཐོག་མའི་ཁྲིམས་འདུན་གྱིས་ རྒུད་འཐུས་དང་གཅིག་ཁར་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་དོན་ཚན་༡༢ པའི་དགོངས་དོན་ལྟར་ ཉམས་རྒུད་པ་གིས་ ཕྱི་མི་ཁྲིམས་འགལ་ཐོག་ལས་ རྒྱལ་ཁབ་ནང་ ཁྱིད་འོང་མི་ལུ་བརྟེན་ བཙོན་ཁྲིམས་ལོ་༡ དང་ཟླཝ་༦ བཀལ་ཡོད་མི་དེ་ ཁྲིམས་འཐུས་བཏབ་ཆོག་ནི་ཨིན་པས།

བུམ་ཐང་རྫོང་ཁག་ཁྲིམས་འདུན་གྱིས་ རྩོད་བཤེར་དེ་ལུ་ སྤྱི་ལོ་༢༠༡༩ ཟླ་༨ པའི་ཚེས་༢༡ ལུ་ འཁྲུན་ཆོད་བཏོན་ཡོདཔ་ཨིན་པས།

བྱ་ངན་དེའི་སྐོར་ལས་ ཉམས་རྒུདཔ་དེ་ བུམ་ཐང་སྨན་ཁང་ནང་ འབག་འོང་བའི་ཤུལ་ལས་ འབྲེལ་ཡོད་དབང་འཛིན་ཚུ་གིས་ ཤེས་རྟོགས་བྱུང་སྟེ་ རྒྱལ་ཡོངས་ཨམ་སྲུ་དང་ཨ་ལོའི་ལྷན་ཚོགས་ཀྱིས་ སྙན་ཞུ་འབད་ཡོདཔ་ཨིན་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

དངུལ་འབྲེལ་ལས་ཁང་༣ གྱིས་ གནས་སྐབས་ཅིག་ སྐྱིན་འགྲུལ་མཚམས་འཇོག།

༉ འབྲུག་གོང་འཕེལ་དངུལ་ཁང་དང་ འབྲུག་རྒྱལ་ཉེན་སྲུང་ལས་འཛིན་ དེ་ལས་ རྒྱལ་ཡོངས་སི་ཨེསི་ཨའི་གོང་འཕེལ་དངུལ་ཁང་ནང་ སྐྱིན་ཚབ་བཏབ་མ་ཚུགས་མི་ མཐོ་དྲགས་ཡོད་མི་ལུ་བརྟེན་ དངུལ་འབྲེལ་ལས་ཁང་༣ གྱིས་ གནས་སྐབས་ཅིག་ སྐྱིན་འགྲུལ་འཛིན་གྲོལ་འབད་ནི་ མཚམས་འཇོག་འབད་ནུག། དེ་ཡང་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱི་ བཀའ་རྒྱ་དང་འཁྲིལ་ཏེ་ཨིནམ་ད་ …

Leave a Reply

Your email address will not be published. Required fields are marked *