ཨ་སམ་ལུ་ མི་ཚོགས་ཀྱིས་ དེད་གཡོགཔ་ཅིག་ བརྡུང་རྫོབ།

༉ སྤྱི་ཟླ་༧ པའི་ཚེས་༡ ལུ་ སྣུམ་འཁོར་ཇམ་བོ་ཊཱག་ཅིག་གིས་ རྒྱ་གར་གྱི་མངའ་སྡེ་ ཨ་སམ་ལུ་ མི་༡ འཐུ་བཀོག་བཏང་པའི་ཤུལ་ལས་ བྱོག་འོང་སྟེ་ ཀུ་མ་རི་ཀ་ཊ་ལུ་ལྷོདཔ་ད་ མི་ཚོགས་ཀྱིས་ སྐྱེས་ལོ་༢༨ ལང་མི་ དེད་གཡོགཔ་དེ་ ཤུགས་སྦེ་ར་ བརྡུང་རྫོབ་འབད་ཡོདཔ་ཨིན་པས།
ཀུན་གསལ་གྱིས་ ཤེས་རྟོགས་བྱུང་མི་དང་འཁྲིལཝ་ད་ རང་གི་ཡ་ལུ་ སྣུམ་འཁོར་རྒྱབ་བཤུད་རྐྱབ་པའི་སྐབས་ ཨོ་ཊོ་རིག་ཤ་ནང་སྡོད་མི་ རྒྱ་གར་གྱི་མི་ཅིག་ འཐུ་བཀོ་བཏངམ་ད་ དེད་གཡོགཔ་དེ་གིས་ བསྒུག་མ་སྡོད་པར་ བྱོག་ཡར་སོཔ་ལས་ རྒྱ་གར་གྱི་མི་ སྣུམ་འཁོར་འཁོར་ལོ་གཉིསམ་བཏང་མི་དང་ གཞུང་ལམ་བདའ་སྟེ་ སྡོད་མི་ཚུ་གིས་ རྟིང་བདའ་འོང་ཡོདཔ་ཨིན་པས།
དེད་གཡོགཔ་གིས་ ངག་བརྗོད་བྱིན་མི་དང་འཁྲིལཝ་ད་ ཁོ་གིས་ བྱོག་འོང་སྟེ་ ཀུ་མ་རི་ཀ་ཊ་ལུ་ལྷོདཔ་ད་ སྣུམ་འཁོར་གྱི་ གདོང་ཁའི་འཁོར་ལོ་ཅིག་ གས་སོཔ་ལས་ དེ་བསྒང་ རྟིང་བདའ་འོང་མི་ཚུ་གིས་ བདའ་ཟུན་ཏེ་ ཤུགས་སྦེ་ར་ བརྡུང་རྫོབ་འབད་ཡོདཔ་ཨིན་རུང་ ཀུ་མ་རི་ཀ་ཊའི་ ཁྲིམས་སྲུང་འགག་པ་གིས་ སྲོག་སྐྱབ་འབད་ཡི་ཟེར་ཨིན་པས།
ཉམས་རྒུདཔ་དེ་ སྒོམ་ཀྲུ་ལས་ རྩི་ས་འབག་སྟེ་ བསམ་གྲུབ་ལྗོངས་མཁར་ལུ་ འོང་པའི་བསྒང་ཡོདཔ་ཨིན་པས།
བསམ་གྲུབ་ལྗོངས་མཁར་ ཁྲིམས་སྲུང་འགག་སྡེའི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ བྱུང་རྐྱེན་གྱི་སྐོར་ལས་ སྙན་ཞུ་ལྷོདཔ་ཅིག་ གསོ་བའི་འགོ་དཔོན་དང་ ཁྲིམས་སྲུང་འགག་པ་ཚུ་ ཀུ་མ་རི་ཀ་ཊ་ལུ་ ཉམས་རྒུདཔ་དེ་ སྲོག་སྐྱབ་འབད་བར་ བཏང་ཡོདཔ་ཨིན་རུང་ དེ་བསྒང་ལས་ ཉམས་རྒུདཔ་གི་ མགུ་ཏོ་དང་ རྣམ་ཅོ་གཡས་པའི་ལྟག་ལུ་ རྨ་སྐྱོན་བྱུང་ཡོདཔ་ལས་ གུ་ཝ་ཧ་ཊི་སྨན་ཁང་ནང་ བཏང་ཡོདཔ་སྦེ་ ཤེས་རྟོགས་བྱུང་ཡི་ཟེར་ཨིན་པས།
འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ཉམས་རྒུདཔ་དེ་ གུ་ཝ་ཧ་ཊི་སྨན་ཁང་ནང་ བསྐྱལ་ཡོད་མེད་ ཞིབ་དཔྱད་འབད་ནིའི་དོན་ལུ་ གསོ་བའི་འགོ་དཔོན་དང་ ཁྲིམས་སྲུང་འགག་པ་ཚུ་ སོང་ཡོདཔ་བཞིན་དུ་ ཉམས་རྒུདཔ་དེ་ གུ་ཝ་ཧ་ཊི་ལུ་ གཞུང་གི་སྨན་ཁང་ཅིག་ནང་ བཞག་ཡོད་པའི་ཁར་ གནས་སྟངས་ལེགས་ལྡན་ཐོག་མཐོངམ་ལས་ ལོག་རྒྱལ་ཁབ་ནང་ ཁྱིད་འོང་ཡི་ཟེར་ཨིན་པས།
ད་ ལྟོ་ དེད་གཡོགཔ་དེ་ བསམ་གྲུབ་ལྗོངས་མཁར་སྨན་ཁང་ནང་ གནས་སྟངས་ལེགས་ཤོམ་ཡོད་རུང་ ལྟ་རྟོག་ཐོག་ལུ་ བཞག་ཡོད་ཟེར་ གསོ་བའི་འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།
འགོ་ དཔོན་ཚུ་གིས་འབད་བ་ཅིན་ ཁོང་ཁྲོ་ལང་སྡོད་མི་ མི་ཚོགས་ཀྱིས་ མི་མང་སྐྱེལ་འདྲེན་བཱསི་ཅིག་ལུ་ རྡོ་བཀོག་ཐོག་ལས་ གནོདཔ་བཀལཝ་ལས་ བཱསི་གི་གདོང་ཁའི་ ཤེལ་དཀྲུམས་བཏང་ཡོད་རུང་ ལམ་འགྲུལ་པ་ཚུ་ ཉེན་སྲུང་དང་ལྡནམ་སྦེ་ འདུག་ཟེར་ཨིན་པས།
ཇོ་མོ་གཙང་ཁའི་ བཱསི་དེད་གཡོགཔ་ སངས་རྒྱས་ཆོས་འཕེལ་གྱིས་ སླབ་མིའི་ནང་ ཇོ་མོ་གཙང་ཁ་ལས་འོང་སྟེ་ ཏ་མིལ་པུར་ལུ་ལྷོདཔ་ད་ སྣུམ་འཁོར་འཁོར་ལོ་གཉིསམ་བཏང་མི་༢ ཀྱིས་ བཱསི་གུ་ རྡོ་བཀོག་ཡོདཔ་ཨིན་རུང་ ཚེ་སྲོག་ལུ་ ཉེན་ཁ་ག་ནི་ཡང་ མ་བྱུང་ཟེར་ཨིནམ་ད་ ཏ་མིལ་པུར་དེ་ བསམ་གྲུབ་ལྗོངས་མཁར་ལས་ ཀི་ལོ་མི་ཊར་༣༢ དེ་ཅིག་གི་ ས་ཁར་ཡོདཔ་ཨིན་པས།
དུས་རྒྱུན་དུ་ རྒྱ་གར་གྱི་ གཞུང་ལམ་བདའ་སྟེ་ རྒྱུན་འགྲུལ་འཐབ་མི་ འབྲུག་མི་ཚུ་གིས་ སྣུམ་འཁོར་བརྡ་སྟོན་སྡེ་ཚན་གྱི་ ལམ་ལུགས་དང་འཁྲིལ་ དྲནམ་བཏོན་ཐོག་ལས་ སྣུམ་འཁོར་གྱི་ ཤུགས་ཚད་ཕབ་དགོཔ་བཞིན་དུ་ དེ་བཟུམ་མའི་ བྱུང་རྐྱེན་ཚུ་བྱུངམ་ད་ ཉེ་འདབས་ཀྱི་ ཁྲིམས་སྲུང་འགག་སྡེའི་ ཡིག་ཚང་ནང་ འགྱོ་དགོཔ་སྦེ་ སླབ་དོ་ཟེར་ འགོ་དཔོན་ཚུ་གིས་ བཤདཔ་ཨིན་པའི་གནས་ཚུལ།

བསམ་གྲུབ་ལྗོངས་མཁར་ལས་ སྐལ་བཟང་དབང་ཕྱུག།

 

About admin

Check Also

སྤྱི་ལོ་༢༠༤༠ འི་ནང་འཁོད་ལུ་ ནང་འཁོད་གློག་མེའི་སྤྱོད་ཁྲལ་ ཡུ་ནིཊ་རེ་ལུ་ དངུལ་ཀྲམ་༤.༥༡ ལུ་ ལྷོད་ནིའི་དམིགས་གཏད།

༉ ནང་འཁོད་གློག་མེའི་སྤྱོད་ཁྲལ་གྱི་ དམིགས་གཏད་སྙན་ཞུ་དང་འཁྲིལ་བ་ཅིན་ ཆུ་ལུ་བརྟེན་པའི་གློག་མེ་ ཁ་སྐོང་མེ་ག་ཝཱཊ་༢,༠༠༠ ལྷགཔ་ཅིག་ ཐོན་སྐྱེད་འབད་ནིའི་ འཆར་གཞི་ཡོད་མི་དང་བསྟུན་ སྤྱི་ལོ་༢༠༤༠ འི་ནང་འཁོད་ལུ་ ནང་འཁོད་སྤྱོད་ཁྲལ་ཡུ་ནིཊ་རེ་ལུ་ དངུལ་ཀྲམ་༤.༥༡ ལུ་ ལྷོད་ནིའི་དམིགས་གཏད་ཨིན་པས། དཔེ་འབད་བ་ཅིན་ …

Leave a Reply

Your email address will not be published. Required fields are marked *