ཤར་ཕྱོགས་ཁ་ཐུག་གི་ ཟ་ཁང་ཇོ་བདག་ཚུ་གི་ ཞལ་འཛོམས་འཚོགས་པའི་བསྒང་།

ཨ་སམ་ད་རང་ག་ལས་ རྒྱལ་སྤྱིའི་ལྟ་བཤལཔ་ཚུ་ འཛུལ་མ་ཆོག་པའི་བཀག་འཛིན་འབད་མི་དེ་གིས་ ཟ་ཁང་ཚུ་ལུ་གྱོང་རྒུད།

༉ འདས་པའི་ཟླཝ་དག་པ་ཅིག་གི་ཧེ་མར་ རྒྱ་གར་གཞུང་གིས་ ཨ་སམ་ད་རང་ག་ལས་ རྒྱལ་སྤྱིའི་ལྟ་བཤལཔ་ཚུ་ འཛུལ་མ་ཆོགཔ་སྦེ་ བཀག་འཛིན་འབད་མི་དེ་གིས་ ཟ་ཁང་ཚུ་ལུ་ གྱོང་རྒུད་སྦོམ་ཕོག་ཡོདཔ་ལས་ སྤྱི་ཟླ་༡༠ པའི་ཚེས་༡༨ ལུ་ ཤར་ཕྱོགས་ཁ་ཐུག་གི་ ཟ་ཁང་ཇོ་བདག་ཚུ་གི་ ཞལ་འཛོམས་འཚོགས་པའི་སྐབས་ གྲོས་བསྡུར་རྒྱས་པར་འབད་ཡོདཔ་བཞིན་དུ་ གནད་དོན་དེ་ བློན་ཆེན་ཡིག་ཚང་ལུ་ ཕུལ་ནི་སྦེ་ གྲོས་ཐག་བཅད་ཅི།
བསམ་གྲུབ་ལྗོངས་མཁར་ ཊི་ཌི་མགྲོན་ཁང་གི་ཇོ་བདག་ ཀརྨ་བསྟན་འཛིན་གྱིས་ སླབ་མིའི་ནང་ རྒྱ་གཞུང་གིས་ དུས་ཅི་ སྤྱི་ཟླ་༡༢ པ་ཚུན་ རྒྱལ་སྤྱིའི་ལྟ་བཤལཔ་ཚུ་ ད་རང་ག་ལས་ འོང་ཆོག་པའི་ གནང་བ་བྱིན་ཡོད་རུང་ ལྟ་བཤལཔ་སྡེ་ཚན་མང་རབས་ཅིག་ ཆ་མེད་གཏང་དགོཔ་ཐོནམ་མ་ཚད་ སྤྱི་ཟླ་༡༢ པའི་ཤུལ་ལས་ ལྟ་བཤལཔ་ཚུ་ འོང་མི་ཆོག་ནི་ཨིན་མི་ལུ་བརྟེན་ ཚོང་འབྲེལ་ལུ་ ཐོ་སྦོམ་སྦེ་ར་ ཕོག་ནི་མས་ཟེར་ཨིན་པས།
ཁོ་གིས་ སླབ་དོ་བཟུམ་འབད་བ་ཅིན་ བློན་ཆེན་གྱིས་ སང་ཕོད་སྤྱི་ཟླ་༧ པའི་ནང་ རྒྱལ་ཡོངས་ལྟ་བཤལ་སྲིད་བྱུས་འགོ་འབྱེད་འབད་ཞིནམ་ལས་རྐྱངམ་གཅིག་ གནད་དོན་དེ་གུ་ བརྟག་ཞིབ་འབད་ནི་ཟེར་ གསུངས་ཡོད་མི་ལུ་ ཁོང་ཆ་ཁྱབ་ སེམས་དང་མ་ལྡན་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ གཞུང་གིས་ ཁོང་གི་དཀའ་ངལ་ཚུ་ ཧ་གོ་ཞིནམ་ལས་ ལུང་ཕྱོགས་ལྟ་བཤལཔ་ཚུ་ འོང་མ་ཆོགཔ་སྦེ་ བཀག་འཛིན་འབད་ཡོད་མི་དེ་ ལུང་ཕྱོགས་ནང་ ག་ར་ལུ་ ཕན་ཐོགས་འབྱུང་ཐབས་ལུ་དམིགས་ཏེ་ འོང་ཆོགཔ་བཟོ་ནིའི་ རེ་བ་བསྐྱེད་ཅི་ཟེར་ཨིནམ་བཞིན་དུ་ ད་ལས་ཕར་འབད་རུང་ རེ་བ་དེ་ དེ་སྦེ་ར་ ལུས་ནི་མས་ཟེར་ཨིན་པས།
བཅའ་མར་གཏོགས་མི་ཚུ་གིས་ ལྟ་བཤལཔ་ཚུ་གི་དོན་ལུ་ ཤར་ཕྱོགས་རྫོང་ཁག་ཚུ་ནང་ ལྷ་ཁང་དང་ གནས་རིགས་བྱིན་རླབས་ཅན་ ལམ་སྲོལ་མ་འདྲཝ་ལ་སོགས་པ་ཚུ་ཡོདཔ་ལས་ གཞུང་གིས་ སྤྱི་ཚོགས་ནང་ གསུང་གྲོས་གནང་སྟེ་ འཐུས་མི་མང་ཤོས་ཅིག་གིས་ ཚོགས་རྒྱན་གནང་ཐོག་ ཆ་འཇོག་གྲུབ་ཡོད་དོ་བཟུམ་སྦེ་ ལྷ་ཕྱོགས་ཀྱི་ ཁྲོམ་སྡེ་༥ ནང་ ལྟ་བཤལཔ་འོང་ཆོགཔ་ ག་ཅི་སྦེ་ བཟོ་དགོཔ་ཡོད་ཨིན་ན་ལ་སོགས་པ་ཚུ་གུ་ གྲོས་བསྡུར་འབད་ཡི།
འབྲུག་ཤར་ཕྱོགས་ཟ་ཁང་མཐུན་ཚོགས་ཀྱི་ཁྲི་འཛིན་ ཀུན་དགའ་གིས་ སླབ་མིའི་ནང་ ཁོང་གིས་ ན་གཞོན་ཚུ་ལུ་ ལཱ་གཡོག་སྤྲོད་ནི་དང་ གཞུང་ལུ་ ཁྲལ་བཏབ་ནིའི་ནང་ ལྷན་ཐབས་འབད་དོ་ཡོད་པའི་ཁར་ སྐྱེ་ལྡན་རིགས་སྣ་དང་ རང་བཞིན་གནས་སྟངས་ དེ་ལས་ ལམ་སྲོལ་མ་འདྲཝ་ལེ་ཤ་ཡོདཔ་ལས་ ལྟ་བཤལཔ་གི་དོན་ལུ་ འོས་འབབ་སྦོམ་ཡོད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཤར་ཕྱོགས་ཁ་ཐུག་ལུ་ཡང་ གོང་འཕེལ་དང་ གོ་སྐབས་ལ་སོགས་པ་ཚུ་ འདྲ་མཉམ་དང་ དྲང་བདེན་ཚུ་ འཐོབ་དགོ་ཟེར་ ཨིནམ་བཞིན་དུ་ གཞུང་གིས་ ལྟ་བཤལཔ་བརྒྱ་ཆ་༢༠ དང་༣༠ དེ་ཅིག་ ཤར་ཕྱོགས་ཁ་ཐུག་ གཏང་པ་ཅིན་ ཕན་ཐོགས་ཆེ་ནི་མས་ཟེར་ཨིན་པས།
ཟ་ཁང་ཇོ་བདག་ལ་ལོ་ཅིག་གིས་ སླབ་མིའི་ནང་ གཞུང་གིས་ བསམ་གྲུབ་ལྗོངས་མཁར་དང་ དགེ་ལེགས་ཕུག་ལུ་ ལྟ་བཤལཔ་ཚུ་ འོང་མ་བཅུག་མི་དེ་ སྲུང་སྐྱོབ་ཀྱི་ གནད་དོན་ལུ་བརྟེན་ཨིནམ་སྦེ་ སླབ་དོ་ཡོད་རུང་ ལོ་༡ ནང་ ལྟ་བཤལཔ་༢༧༠,༠༠༠ དེ་ཅིག་ འོང་དོ་ཡོད་མིའི་གྲས་ལས་༢༠༠,༠༠༠ དེ་ཅིག་ ཕུན་ཚོགས་གླིང་ལས་ ཐིམ་ཕུག་ཁ་ཐུག་ བཏང་དོ་ཡོདཔ་བཞིན་དུ་ གཞུང་གི་ཡིག་ཚང་དང་ལྷན་ཁག་ལ་སོགས་པ་ཚུ་ ཐིམ་ཕུག་ལུ་ཡོདཔ་ལས་ དེ་ཁར་སྲུང་སྐྱོབ་ཀྱི་ གནད་དོན་ཚུ་ མེདཔ་ཨིན་ན་ཟེར་ཨིན་པས།
མོང་སྒར་ལས་ ཟ་ཁང་གི་ ཇོ་བདག་ཅིག་གིས་ སླབ་མིའི་ནང་ གནད་དོན་དེ་ སེལ་ཐབས་མ་འབད་བར་ དེ་སྦེ་ར་ བཞག་པ་ཅིན་ གྲོང་གསེབ་ལས་ ཁྲོམ་ཁར་གནས་སྤོ་འགྱོ་བའི་ དཀའ་ངལ་དེ་ རྒེད་འོག་ཚུ་ནང་གི་ གཡུས་ཚན་ཚུ་ནང་རྐྱངམ་གཅིག་མེན་པར་ ཁྲོམ་སྡེ་ཚུ་ནང་ཡང་ འཐོན་འོང་ཟེར་ཨིན་པས།
ཞལ་འཛོམས་སྐབས་ ཟ་ཁང་གི་ ཇོ་བདག་ཚུ་གིས་ ལུང་ཕྱོགས་ཀྱི་ལྟ་བཤལཔ་ཚུ་ ཁོང་གི་ལུང་ཕྱོགས་ཚུ་ནང་ གཏང་པའི་སྐབས་ འོང་མི་ལས་འགོ་བཙུགས་ ལོག་མ་འགྱོཝ་ཚུན་ ཉེན་ཁ་ག་ར་ ཁོང་གིས་ འབག་ནི་ཨིནམ་ལས་ ལུང་ཕྱོགས་ལྟ་བཤལཔ་ཚུ་ སྔར་ག་ཨིནམ་སྦེ་ གཏང་ཐབས་ཡོད་པའི་ གནད་དོན་ཚུ་ བློན་ཆེན་དང་ ལྡོག་ཕྱོགས་འགོ་ཁྲིདཔ་ དེ་ལས་ འབྲེལ་ཡོད་ལས་སྡེ་ཚུ་ལུ་ཕུལ་ནིའི་ གྲོས་འཆམ་བྱུང་ཡི།
བསམ་གྲུབ་ལྗོངས་མཁར་གླ་འཁོར་ཚོགས་པའི་ཁྲི་འཛིན་ སྐལ་བཟང་འཇིགས་མེད་ཀྱིས་ སླབ་མིའི་ནང་ ཧེ་མ་འབད་བ་ཅིན་ ལུང་ཕྱོགས་ཀྱི་ལྟ་བཤལཔ་ཚུ་ ཉེན་ཁ་ག་ར་ ཁོང་གིས་འབག་ཐོག་ བདེ་བ་ཐང་དང་ འཕྲལ་འཕྲལ་ དེ་ལས་བརྒལ་ཏེ་ཡང་ འཁྱིད་འགྱོ་ནི་ཡོད་རུང་ བར་སྐབས་ཅིག་ལས་ བཀག་འཛིན་འབད་ཡི་ཟེར་ཨིན་པས།
ཤར་ཕྱོགས་ཁ་ཐུག་ ལྟ་བཤལཔ་དང་འབྲེལ་བའི་ དཀའ་ངལ་སེལ་ཐབས་ལུ་ བསམ་གྲུབ་ལྗོངས་མཁར་ཟ་ཁང་མཐུན་ཚོགས་དེ་ འབྲུག་ཤར་ཕྱོགས་ཟ་ཁང་མཐུན་ཚོགས་དང་གཅིག་ཁར་ མཉམ་སྡེབ་འབད་ཡོདཔ་བཞིན་དུ་ ལུང་ཕྱོགས་ནང་ ལྟ་བཤལ་གོང་འཕེལ་གཏང་ཐབས་ལུ་ ཡོངས་འབྲེལ་འཆར་སྒོ་ཅིག་ཡང་ བཟོ་ནི་ཨིན་པའི་གནས་ཚུལ།

སྐལ་བཟང་དབང་ཕྱུག། བསམ་གྲུབ་ལྗོངས་མཁར།

 

About admin

Check Also

གསོ་བའི་ཞབས་ཏོག་ ཡུན་བརྟན་བཞག་ནིའི་དོན་ལུ་ ཞབས་ཏོག་ཚུལ་མཐུན་ལེན་དགོཔ།

༉ འབྲུག་གི་རྩ་ཁྲིམས་ཆེན་མོའི་ དགོངས་དོན་དང་འཁྲིལ་ ད་ལྟོ་ རྒྱལ་ཁབ་ནང་ གསོ་བའི་ཞབས་ཏོག་ཚུ་ བར་མ་ཆད་པར་ རིན་མེད་སྟོང་པར་སྦེ་ སྤྲོད་བཞིན་དུ་ཡོད་རུང་ མ་འོངས་པར་ ཞབས་ཏོག་ཚུ་ ག་དེ་སྦེ་ ཡུན་བརྟན་བཞག་ཚུགས་འོང་ག་ཟེར་བའི་ ཚ་གྱང་ཡོདཔ་ཨིན་པས། མ་གཞི་ …

Leave a Reply

Your email address will not be published. Required fields are marked *