ཨ་ལོའི་ཉེན་སྲུང་དོན་ལུ་ མི་སྡེའི་གྲལ་གཏོགས་ འབད་བཅུག་ནིའི་ལམ་ལུགས།

༉ རྒྱལ་ཁབ་ནང་ འབྲེལ་བ་ཡོད་པའི་དབང་འཛིན་ཚུ་གིས་ ཨ་ལོའི་ཉེན་སྲུང་དང་ བདག་འཛིན་འཐབ་ནིའི་ ཞབས་ཏོག་ཚུ་ གི་སྐོར་ལས་ ཁྲིམས་ལུགས་ལེ་ཤ་ཡོད་རུང་ རྒྱལ་ཁབ་ནང་ ཨ་ལོའི་ཉེན་སྲུང་དོན་ལུ་ དོན་སྨིན་ཅན་གྱི་ ལམ་ལུགས་དགོཔ་ཨིན་པས།

ན་གཞོན་ལམ་སྟོན་གྱི་ འགོ་དཔོན་ཚུ་དང་འཁྲིལཝ་ད་ ཨ་ལོ་ཚུ་ཉེན་ཁ་ཅན་གྱི་ གནས་སྟངས་ནང་ཡོད་པའི་ཁར་ དེ་གི་ནང་ ལས་ཡང་ ཨ་ལོ་དང་འབྲེལ་བའི་རྩུབ་སྤྱོད་ཚུ་ སྙན་ཞུ་མ་འབད་བར་ ལུས་ཏེ་འདུག་ཟེར་ཨིན་པས།

རྒྱལ་ཁབ་ནང་ ཨ་ལོའི་ཉེན་སྲུང་དང་ ཉམས་སྲུང་གི་གདོང་ལེན་ཡོད་མི་དེ་ སེལ་ཐབས་དོན་ལུ་ མི་སྡེ་ཨ་ལོའི་ཉེན་སྲུང་ཟེར་མི་ ལས་འགུལ་ཅིག་ བདུན་ཕྲག་འདི་ནང་ སྤ་རོ་ལུ་སྦེ་ འགོ་འབྱེད་འབད་ཡོདཔ་ཨིན་པས།

ལས་འགུལ་དེ་ཡང་ མི་སྡེ་ནང་ ཨ་ལོའི་རྩུབ་སྤྱོད་དང་ ཨ་ལོ་བདག་མེད་སྦེ་ བཞག་པའི་གནད་དོན་ཚུ་བལྟ་མི་ མི་སྡེའི་ངོ་ཚབ་ ཀྱི་སྡེ་ཚན་ཨིན་པས།

ལས་འགུལ་དེ་གིས་ རྫོང་ཁག་ཨམ་སྲུ་དང་ཨ་ལོའི་ཚོགས་ཆུང་ལུ་ རྩུབ་སྤྱོད་ཀྱི་གནད་དོན་ཚུ་ སྙན་ཞུ་འབད་ནིའི་དོན་ལུ་ རྒེད་འོག་ནང་འཁོད་ལུ་ རྒཔོ་བརྩིས་ཏེ་ འཐུས་མི་དང་ ན་གཞོན་ངོ་ཚབ་ཚུ་གིས་ ལྟ་རྟོག་དང་དབྱེ་ཞིབ་ཀྱི་རིགས་ཚུ་ འབད་ནི་ཨིན་པས།

ན་གཞོན་ལམ་སྟོན་གྱི་མདོ་ཆེན འཕྲིན་ལས་སྟོབས་རྒྱས་དང་འཁྲིལཝ་ད་ ལས་འགུལ་དེ་གི་སྐོར་ལས་ ས་གནས་ཀྱི་འགོ་ཁྲིདཔ་ དང་ མི་སྡེ་ལུ་ སྦྱོང་བརྡར་བྱིན་པའི་ཤུལ་ལས་ སྤ་རོ་རྫོང་ཁག་འོག་གི་ རྒེད་འོག་བཅུ་ཐམ་ལས་ འགོ་བཙུགས་ནི་ཟེར་ཨིན་པས།

ཁོ་གིས་སླབ་མིའི་ནང་ སྡེ་ཚན་དེ་གིས་ ཟླ་རིམ་བཞིན་དུ་ མི་སྡེ་ནང་ ཨ་ལོ་དང་འབྲེལ་བའི་ གནད་དོན་ཚུ་ལུ་ དུས་མཐུན་འབད་བར་ འཛོམས་ནི་ཟེར་ཨིནམ་ད་ ལྟེ་བའི་མཉམ་འབྲེལ་བ་གིས་ རྒྱབ་སྐྱོར་དང་ ལྟ་རྟོག་འབད་ནི་ཨིན་པས།

ཨ་ལོ་ལུ་རྩུབ་སྤྱོད་དང་ དབང་བཙོང་ལུས་འབྲེལ་ དེ་ལས་ སེམས་ཁམས་དང་འབྲེལ་བའི་ རྩུབ་སྤྱོད་དེ་ ངེས་པར་ཡོདཔ་ལས་ སྤ་རོ་ལུ་ཡོད་མི་ ཡིག་ཚང་གིས་ རྒྱལ་ཡོངས་འགྲོ་འགྲུལ་བཀག་དམ་སྐབས་ ཨ་ལོ་༣༦ ལུ་ གྲོགས་རམ་འབད་དེ་ཡོདཔ་ཨིན་ པས།

དུས་ཚོད་དེ་ནང་ ཨ་ལོ་༤༩ སློབ་གྲྭ་ནང་ལས་ ཐོན་སྡོད་ཡོདཔ་ད་༩ ལུ་ དབང་བཙོང་འདོད་སྤྱོད་འབད་ཡོདཔ་ད་ ལོ་ན་མ་སྨིན་མི་བུཚ་༡༤ ལུ་ དབང་བཙོང་འདོད་སྤྱོད་འབད་ཡོདཔ་ལས་ བཏོན་བཏང་ཡོདཔ་ཨིན་པས།

ཞིབ་འཚོལ་འབད་བའི་སྐབས་ ཨ་ལོ་ཚུ་གིས་ སྦྱོང་བརྡར་ཡོད་མི་དང་ གཞན་ལས་ གྲོགས་རམ་མ་ལེན་པས་ཟེར་ཨིནམ་ད་ འཕྲིན་ལས་སྟོབས་རྒྱས་ཀྱིས་ སླབ་མིའི་ནང་ མཐའ་ཟུར་གྱི་ ས་གནས་ནང་སྡོད་མི་ ཨ་ལོ་ཚུ་ལུ་ ཉེན་སྲུང་གི་ གདོང་ལེན་ལེ་ཤ་བྱུང་སྟེ་འདུག་ཟེར་ཨིནམ་ད་ ཨ་ལོ་ཚུ་གིས་ ཁོང་གི་ རང་དབང་སྐོར་ལས་ མ་ཤེསཔ་ལས་ ཁུ་སིམ་སི་སྦེ་ སྡོད་ནུག་ཟེར་ཨིན་པས།

སློབ་གྲྭ་ཚུ་ནང་ ལུས་དང་འབྲེལ་བའི་ རྩུབ་སྤྱོད་མང་སུ་མྱོང་དོ་ཡོདཔ་ལས་ མི་སྡེ་ལས་ཚོགས་དེ་གིས་ ད་རུང་ ཨ་ལོའི་ཉེན་སྲུང་སྡེ་ཚན་ཅིག་ཡང་ གཞི་བཙུགས་འབད་ནི་ཨིན་པས།

ཨ་ལོ་ཚུ་གིས་ འགོ་ཁྲིད་འབད་དེ་ སྡེ་ཚན་བཟོ་ནི་ཨིནམ་ད་ དེ་ཡང་ ཨ་ལོ་ཚུ་གིས་ ཁོང་གི་དཀའ་ངལ་ཚུ་ སླབ་སའི་ས་ཁོངས་ བཟོ་ཐབས་ལུ་ཨིནམ་ད་ རྒྱལ་ཡོངས་ཨམ་སྲུ་དང་ཨ་ལོའི་ལྷན་ཚོགས་དང་འཁྲིལཝ་ད་ སློབ་ཕྲུག་བརྒྱ་ཆ་༥༤.༧ ལུ་ སློབ་གྲྭ་ནང་ ལུས་ཐོག་རྩུབ་སྤྱོད་ མྱོང་སྟེ་འདུག་ཟེར་ཨིན་པས།

ལྟེ་བ་གི་ འགོ་དཔོན་ཅིག་དང་འཁྲིལཝ་ད་ སློབ་གྲྭ་ཚུ་ནང་ རྩུབ་སྤྱོད་བྱུང་རུང་ མང་ཤོས་ཀྱིས་ སྙན་ཞུ་མ་འབད་བར་བཞག་པའི་ཁར་ རྫོང་ཁག་གི་ གྲོགས་རམ་སྡེ་ཚན་གྱིས་ཡང་ མ་ཤེས་པར་འདུག་ཟེར་ཨིན་པས།

སྤ་རོ་རྫོང་བདག་ངོ་ཚབ་ ཀུན་ལེགས་རྒྱལ་མཚན་གྱིས་ སླབ་མིའི་ནང་ བཟའ་ཚང་གི་ འོང་འབབ་བཟོ་མི་དེ་གིས་ རྩུབ་སྤྱོད་འབད་བ་ཅིན་ སྙན་ཞུ་མ་འབད་བར་ ལུསཔ་མས་ཟེར་ཨིན་པས།

འཕྲིན་ལས་སྟོབས་རྒྱས་ཀྱིས་ སླབ་མིའི་ནང་ སྡེ་ཚན་གྱིས་ དཀའ་ངལ་བྱུང་མི་ བཟའ་ཚང་ཚུ་ལུ་ འོང་འབབ་དུམ་གྲ་རེ་ བཟོ་ཚུགས་པའི་ཚོང་ལཱ་ བཙུགས་ནིའི་ནང་ གྲོགས་རམ་འབདཝ་ཨིན་ཟེར་བཤད་ཅི།

མི་སྡེ་ནང་ ཨ་ལོའི་ཉེན་སྲུང་གི་ སྡེ་ཚན་གཞི་བཙུགས་འབད་མི་དེ་ མི་སྡེ་ནང་འཁོད་ལུ་ གོ་བརྡ་སྤྲོད་ཐབས་ལུ་ཨིན་ཟེར་ བཤད་པའི་ཁར་ མི་སྡེ་གིས་ གོ་བརྡ་སྤྲོདཔ་ད་ རྒེད་འོག་གིས་ཤེས་ཏེ་ དཀའ་ངལ་སེལ་ཐབས་འབད་ཚུགས་ཟེར་ཨིན་པས།

ས་གནས་ཀྱི་འགོ་ཁྲིདཔ་དང་ མི་སྡེའི་འཐུས་མི་ཚུ་ལུ་ ཨ་ལོའི་ཉེན་སྲུང་བཅའ་ཁྲིམས་དང་ སྙན་ཞུ་འབད་ཐངས་ དེ་ལས་ ཉེན་སྲུང་དང་ལྡནམ་སྦེ་ འབད་ཐངས་ཚུ་གི་སྐོར་ལས་ སྦྱོང་བརྡར་བྱིན་ནི་ཨིནམ་ད་ ལས་འགུལ་དེ་ ཨ་ལོའི་ཉེན་སྲུང་གི་ མ་དངུལ་གྲོགས་རམ་ཐོག་ལས་ འབད་ཡོད་པའི་གནས་ཚུལ།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *