ཉེན་སྲུང་མེད་པའི་ ཨ་ལོའི་གླིང་ག།

ཨ་ལོའི་གླིང་ག་ ཉེན་སྲུང་མེད་མི་ལུ་བརྟེན་ ཕམ་ཚུ་ ཚ་གྱང་ལང་དོ་ཡོདཔ།

༉ བཀྲིས་སྒང་ཁྲོམ་གྱི་སྦུག་ལུ་ཡོད་པའི་ ཨ་ལོའི་གླིང་གི་ཅ་ཆས་ཚུ་ མེདཔ་ཐལ་མི་ལུ་བརྟེན་ ཨ་ལོ་ཚུ་ རྩེདམོ་རྩེད་བའི་སྐབས་ ཉེན་སྲུང་ག་ནི་ཡང་ མིན་འདུག་ཟེར་ཨིན་པས།

ཁྲོམ་ཁར་སྡོད་མི་ཚུ་གིས་འབད་བ་ཅིན་ སྤྱི་ལོ་༢༠༡༨ ལུ་ ཆུ་རུད་ཀྱིས་ མེདཔ་བཏང་པའི་ཤུལ་ལུ་ ཉམས་བཅོས་ཚར་གཅིག་ཡང་མ་འབད་ཟེར་ཨིནམ་ད་ ཉེན་སྲུང་མེད་རུང་ ཨ་ལོ་ཚུ་གིས་ རྩེདམོ་རྩེད་དོ་ཡོདཔ་ལས་ ཉེན་ཁ་འདུག་ཟེར་ཨིན་པས།

ས་གནས་ནང་སྡོད་མི་ འཆི་མེད་སྒྲོལ་མ་གྱིས་ སླབ་མིའི་ནང་ ཅ་ཆས་ཚུ་མེདཔ་ཐལ་མི་དེ་གིས་ ཨ་ལོ་ཚུ་ རྨ་བཏོན་ནིའི་ཉེན་ཁ་འདུག་ཟེར་ཨིནམ་ད་ འཕྲལ་མགྱོགས་ར་ ཉམས་བཅོས་འབད་དགོཔ་འདུག་ཟེར་ཨིན་པས།

གླིང་ག་དེ་ ཉེན་སྲུང་དང་ལྡནམ་སྦེ་ བཟོ་དགོཔ་ཁག་ཆེ་བས་ཟེར་ མོ་གིས་བཤད་པའི་ཁར་ ལ་ལོ་ཅིག་གིས་ ས་གནས་ནང་འོང་སྟེ་ ཏམ་ཁུ་འཐུང་དོ་ཡོདཔ་ལས་ ཨ་ལོ་ཚུ་གི་གདོང་ཁར་ མི་འཇའ་བས་ཟེར་ཨིན་པས།

ཨ་ལོ་༢ ཀྱི་ཨའི་ པདྨ་ཆོས་སྒྲོན་གྱིས་འབད་བ་ཅིན་ གླིང་ག་ཉེན་སྲུང་མེདཔ་ལས་ མོ་རའི་ཨ་ལོ་༢ གླིང་ག་ནང་ གཏང་ནི་མེད་ཟེར་ཨིན་པས།

ཨ་ལོའི་ཕམ་ཚུ་གིས་འབད་བ་ཅིན་ ཨ་ལོ་ཚུ་གི་དོན་ལུ་ གླིང་ག་གཅིག་ལས་མེད་ནི་དེ་གིས་ འབྲེལ་ཡོད་དབང་འཛིན་གྱིས་ ཉམས་བཅོས་འབད་དགོཔ་འདུག་ཟེར་ཨིནམ་ད་ ད་ལྟོ་ཚུན་ཚོད་ ག་ནི་ཡང་ འབད་ས་མ་མཐོང་ཟེར་ ཕམ་ཅིག་གིས་ བཤདཔ་ཨིན་པས།

ཨ་ལོའི་ཨའི་ ཆོས་སྐྱིད་ཀྱིས་ སླབ་མིའི་ནང་ ཨ་ལོ་ཚུ་འཁོར་ལམ་བདའ་སྟེ་ རྩེདམོ་རྩེད་སྡོད་དོ་ཡོདཔ་ལས་ སྣུམ་འཁོར་གྱིས་ མི་བརྡུང་ག་ཟེར་བའི་ ཚ་གྱང་ལངམ་མས་ཟེར་ཨིནམ་ད་ ཧེ་མ་འབད་བ་ཅིན་ ཨ་ལོ་ག་ར་ གླིང་ག་ནང་ རྩེདམོ་རྩེད་སྡོད་ནི་ཡོད་ཟེར་ཨིན་པས།

ཁྲོམ་ཁར་སྡོད་མི་ ཨོ་རྒྱན་དབང་འདུས་ཀྱིས་འབད་རུང་ ཧེ་མ་ གླིང་ག་གིས་ ཨ་ལོ་ཚུ་ འབྲེལ་གཏོགས་བཞག་ནི་ཡོད་ཟེར་ཨིནམ་ད་ ཨ་ལོ་ཚུ་འཁོར་ལམ་བདའ་སྟེ་ རྩེདམོ་རྩེད་ནི་མེད་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནང་ གླིང་ག་དེ་ ཉེན་སྲུང་དང་ལྡནམ་སྦེ་བཟོ་བ་ཅིན་ ལེགས་ཤོམ་འོང་ནི་མས་ཟེར་ཨིན་པས།

ཚོང་པ་ རྡོ་ལེགས་ཚེ་རིང་གིས་འབད་བ་ཅིན་ དེ་བཟུམ་མའི་ གླིང་ག་དགོཔ་ཁག་ཆེ་བས་ཟེར་ཨིནམ་ད་ གླིང་ག་ཡོད་པ་ཅིན་ བྱ་ངན་སྤང་ནི་དང་ ཡོངས་འབྲེལ་ནང་ ལང་ཤོར་མི་ཐལ་ནི་མས་ཟེར་ཨིན་པས།

ས་གནས་ཀྱི་མི་ཅིག་གིས་ སླབ་མིའི་ནང་ ད་ལྟོ་ཚུན་ ཉམས་བཅོས་མ་འབད་མི་དེ་ ཧ་མི་གོ་བས་ཟེར་ཨིནམ་ད་ ཁྲོམ་སྡེ་དབང་འཛིན་དང་ འཐུས་མི་གཉིས་ཀྱིས་ འཐུས་ཤོར་སོ་ཡི་ཟེར་ཨིན་པས།

ཕམ་མང་ཤོས་ཀྱིས་ སླབ་མིའི་ནང་ གླིང་ག་ཉེན་སྲུང་དང་ལྡནམ་སྦེ་བཟོ་བ་ཅིན་ ཨ་ལོ་དང་ཕམ་གཉིས་ཆ་ར་ལུ་ ཕན་ཐོགས་ནི་ཨིནམ་ལས་ ལོག་བཟོ་གནང་པ་ཅིན་ བཀའ་དྲིན་ཆེ་ནི་མས་ཟེར་ཨིན་པས།

ཁྲོམ་སྡེའི་འཐུས་མི་ འཕྲིན་ལས་རྣམ་རྒྱལ་གྱིས་འབད་བ་ཅིན་ ས་ཁོངས་ནང་ལྟ་རྟོག་འབད་ཡི་ཟེར་ཨིནམ་ད་ དེའི་སྐོར་ལས་ ཤེས་རྟོགས་ཡོདཔ་ལས་ ཉམས་བཅོས་ཀྱིས་སྐོར་ལས་ ཁ་སླབ་སྟེ་ཡོད་ཟེར་ཨིན་པས།

ཀུན་གསལ་གྱིས་ གླིང་ག་དེ་ གནད་དོན་ག་ཅི་ལུ་བརྟེན་ ཉམས་བཅོས་འབད་མ་ཚུགསཔ་ཨིན་ན་ ཁྲོམ་སྡེའི་འགོ་དཔོན་ཚུ་དང་ འབྲེལ་བ་འཐབ་ནིའི་ དཔའ་རྐྱབ་རུང་ ཁྲོམ་སྡེའི་འགོ་དཔོན་ཚུ་དང་ འཕྱད་མ་ཚུགས།

ཨ་ལོའི་གླིང་ག་དེ་ སྤྱི་ལོ་༢༠༡༧ ལུ་ ཟད་འགྲོ་དངུལ་ཀྲམ་ས་ཡ་༢ བཏང་ཐོག་ལས་ རྐྱབ་ཡོདཔ་ད་ གླིང་གའི་ཅ་ཆས་ཚུ་ མཁོ་སྒྲུབ་ཀྱི་དོན་ལུ་ དངུལ་ཀྲམ་ས་ཡ་༡.༥ དེ་ཅིག་ ཟད་འགྲོ་བཏང་ཡོད་པའི་གནས་ཚུལ།

གནས་བརྟན་རྡོ་རྗེ། བཀྲིས་སྒང་།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *