ཨ་ལོ་སྐྱེ་ནི་ཡོད་མི་ ཨམ་སྲུ་ཚུ་གིས་ འཐུས་དངུལ་ཀྲམ་༣༩,༠༠༠ རེ་འཐོབ་ནི།

༉ ཨ་ལོ་དང་ ཨའི་གི་འཕྲོད་བསྟེན་གྲུབ་འབྲས་ ལེགས་ཤོམ་བཟོ་ནིའི་དོན་ལུ་ གནང་བ་གྲུབ་ཡོད་མི་ སྲིད་བྱུས་དང་འཁྲིལཝ་ད་ འོས་ཚད་ལྡན་པའི་ ཨའི་ཚུ་གིས་ གཟུགས་ཁར་ཨ་ལོ་ཆགས་པའི་ ཉིནམ་ལས་འགོ་བཙུགས་ ཨ་ལོ་སྐྱེས་ཏེ་ ལོ་༢ མ་ལང་ཚུན་ དངུལ་ཀྲམ་༣༩,༠༠༠ རེ་ འཐོབ་ནི་ཨིན་པས།

སྲིད་བྱུས་དེ་ བསྐྱར་ཞིབ་འབད་ནིའི་དོན་ལུ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ལུ་ བཙུགས་པའི་ཤུལ་ལུ་ ན་ཧིང་ ལོ་མཇུག་ཁམས་ལུ་ གནང་བ་གྲུབ་ཡོདཔ་ཨིན་པས།

ཨ་ལོའི་ཨའི་ཚུ་གིས་ གནས་སྟངས་ཀྱི་ཁྱད་ཚད་ཚང་མི་དང་འཁྲིལ་ དངུལ་རྐྱང་ཚུ་ གསོ་བ་ལྷན་ཁག་གིས་སྦེ་ བགོ་བཀྲམ་འབད་ནི་ཨིན་པས།

ཁྱད་ཚད་ཚུ་ཡང་ ཨ་ལོ་མ་སྐྱེ་བའི་ཧེ་མར་ ཨ་ལོ་དང་ ཨའི་གི་འཕྲོད་བསྟེན་ཞབས་ཏོག་ ལན་ཐེངས་༨ དང་ སྐྱེས་ཚར་ཞིནམ་ལས་༤ དེ་ལས་ ཨ་ལོ་སྨན་ཁང་ནང་སྦེ་སྐྱེས་དགོཔ་ ཟླ་ངོ་༦ གི་རིང་ ཨ་ལོ་ལུ་ ལེགས་ཤོམ་སྦེ་ ཨོམ་བྱིན་དགོཔ་ད་ ཨ་ལོ་ཚུ་ དུས་ཚོད་ཁར་ སྨན་ཁབ་བཙུགས་ནི་ཚུ་ཨིན་པས།

གསོ་བའི་ལས་བྱེདཔ་ཚུ་གིས་ སླབ་མིའི་ནང་ གཟུགས་ཁར་ ཨ་ལོ་ཆགས་པའི་ ཉིནམ་དང་པ་ལས་འགོ་བཙུགས་ བདུན་ཕྲག་༡༢ ཀྱི་ནང་འཁོད་ལུ་ ཨའི་དེ་ གསོ་བའི་ཞབས་ཏོག་ལྟེ་བ་ནང་ ཐོ་བཀོད་འབད་དགོཔ་ད་ བདུན་ཕྲག་༡༢ མཇུག་བསྡུ་བའི་བསྒང་ལས་ དངུལ་སྤྲོད་ཐེངས་དང་པ་ དངུལ་ཀྲམ་༡,༠༠༠ འབད་མི་དེ་ སྤྲོད་ནི་ཨིན་པས།

གཟུགས་ཁར་ ཨ་ལོ་ཆགས་མི་ ཨམ་སྲུ་དེ་གིས་ སྨན་ཁང་ནང་ ཉུང་མཐའ་ལན་ཐེངས་༢༥ འོང་དགོ་ནི་དང་ དངུལ་ཀྲམ་དེ་ ལན་ཐེངས་༢༢༡ གི་ནང་འཁོད་ལུ་ སྤྲོད་ནི་ཨིན་པས།

འཐུས་དེ་ཡང་ ཨ་ལོ་མ་སྐྱེས་བའི་ཧེ་མར་ ལེན་དགོ་པའི་ གསོ་བའི་ཞབས་ཏོག་ལན་ཐེངས་༨ འབད་མིའི་སྐབས་ལུ་ དངུལ་ཀྲམ་༡,༠༠༠ རེ་སྤྲོད་ནི་དང་ ཨ་ལོ་སྐྱེས་ཏེ་ ཟླཝ་༦ མ་ལང་ཚུན་ དངུལ་ཀྲམ་༤,༠༠༠ རེ་སྦེ་ སྤྲོད་ནི་ཨིན་པས།

གསོ་བའི་ལས་བྱེདཔ་ཚུ་གིས་ སླབ་མིའི་ནང་ ཨ་ལོ་སྐྱེས་ཞིནམ་ལས་ འཐུས་མང་སུ་སྦེ་ སྤྲོད་དགོ་མི་དེ་ཡང་ གཙོ་བོ་ར་ ཨ་ལོ་ལུ་ དུས་ཚོད་འ་ནེམ་ཅིག་ནང་ གཅེས་སྐྱོང་ལེགས་ཤོམ་སྦེ་ དགོ་ནི་དེ་གིས་ ཨིན་ཟེར་ཨིན་པས།

དེ་ལས་ ཨ་ལོ་དེ་ ཟླ་ངོ་༦ ལང་པའི་ཤུལ་ལས་ ལོག་སྟེ་ར་ འཐུས་དེ་ དངུལ་ཀྲམ་༡,༠༠༠ རེ་ལུ་ མར་ཕབ་འབད་ནི་དང་ མ་གཞི་ འགོ་ཐོག་ལུ་ འཐུས་ཀྱི་དངུལ་བསྡོམས་དེ་ རྒྱལ་ཡོངས་ལས་མི་གི་ གླ་ཆའི་ཚད་གཞི་ལུ་ གཞི་བཞག་ཡོདཔ་ཨིན་རུང་ ཤུལ་ལས་ ལྷན་ཁག་གིས་ དངུལ་བསྡོམས་༢༢,༥༠༠ ལས་༣༩,༠༠༠ ལུ་ ཡར་སེང་འབད་ཡོདཔ་ཨིན་པས།

ཨིན་རུང་ ཨ་ལོའི་ཨའི་ ཟླཝ་༦ གི་རིང་ དངུལ་ཕོགས་དང་སྦྲགས་ཏེ་ ངལ་གསོ་འཐོབ་པ་ཅིན་ འཐུས་དེ་ མི་འཐོབ་ནི་ཨིནམ་ད་ དེ་མ་འཐོབ་མི་ཚུ་ལུ་ འོས་འབབ་དང་འཁྲིལ་ སྤྲོད་ནི་ཨིན་པས།

གསོ་བའི་ལས་བྱེདཔ་ཚུ་གིས་ སླབ་མིའི་ནང་ ད་ལྟོ་ཚུན་ ཨམ་སྲུ་ཚུ་ ཨ་ལོ་སྐྱེ་ནི་ཡོད་པའི་སྐབས་ཀྱི་ སེམས་ཁམས་ཀྱི་ འཕྲོད་བསྟེན་ཞབས་ཏོག་ཚུ་ ལག་ལེན་འཐབ་མི་ར་ མ་འཐོན་པས་ཟེར་ཨིན་པས།

དེ་བཟུམ་སྦེ་ སྤྱི་ལོ་༢༠༡༧ གྱི་ མི་རློབས་དང་ཁྱིམ་གྱི་གྲངས་རྩིས་ཀྱི་ སྙན་ཞུ་དང་འཁྲིལཝ་ད་ རྒྱལ་ཁབ་ནང་ ཨ་ལོ་སྐྱེས་མི་ཨའི་ཚུ་ལུ་ ཤི་རྐྱེན་བྱུང་བའི་ཚད་གཞི་དེ་ཡང་ ཨ་ལོ་༡༠༠,༠༠༠ རེ་ སྐྱེས་བའི་སྐབས་༨༩ རེ་ལུ་ ཤི་རྐྱེན་བྱུང་ཡོདཔ་ཨིན་པས།

དེ་བཟུམ་སྦེ་ སྤྱི་ལོ་༢༠༡༥ འི་ ཟས་བཅུད་ཞིབ་འཚོལ་སྙན་ཞུ་དང་འཁྲིལཝ་ད་ ཨ་ལོ་སྐྱེ་ནི་ཡོད་མི་ཨམ་སྲུ་ བརྒྱ་ཆ་༢༥.༩ གིས་མ་གཏོགས་ ཨ་ལོ་མ་སྐྱེ་བའི་ཧེ་མར་ གསོ་བའི་ཞབས་ཏོག་ ཐེངས་༨ ལེན་དགོ་མི་ཚུ་ ཚངམ་མ་ལེནམ་སྦེ་ མཐོང་ཡོདཔ་ཨིན་པས།

དེ་མ་ཚད་ ཨ་ལོ་སྐྱེ་ནི་ཡོད་མི་ཨམ་སྲུ་ ཕྱེད་ཀ་ཅིག་གིས་མ་གཏོགས་ སྨན་ཁང་ནང་ ཐོ་བཀོད་འབད་བར་ མ་འོངམ་བཞིན་དུ་ མཁོ་ཆེ་བའི་ གསོ་བའི་ཞབས་ཏོག་ཚུ་ ལེན་མ་ཚུགས་པར་ ལུས་ཡོདཔ་ཨིན་པས།

ཨིན་རུང་ མ་དངུལ་གྱི་ དཀའ་ངལ་ཡོད་མི་དང་འཁྲིལ་ འཐུས་སྤྲོད་ནི་དེ་ ནམ་ལས་འགོ་བཙུགས་ནི་ཨིན་ན་ གཏན་འཁེལ་མེདཔ་ཨིན་པས།

འདས་པའི་དྲི་བཀོད་ལས་རིམ་ཅིག་ནང་ གསོ་བའི་བློན་པོ་ བདེ་ཆེན་དབང་མོ་གིས་ ནད་ཡམས་ཀོ་བིཌ་-༡༩ དང་ རྒྱལ་ཁབ་ཀྱི་ དཔལ་འབྱོར་གནས་སྟངས་ལུ་བརྟེན་ ལས་རིམ་དེ་ མགྱོགས་པ་འགོ་བཙུགས་མ་ཚུགས་ཟེར་ཨིནམ་ད་ ཨིན་རུང་ སྲིད་བྱུས་དེ་ གནང་བ་གྲུབ་མི་དང་འཁྲིལ་ ལས་རིམ་དེ་ཡང་ དུས་ཅི་ལས་ འགོ་འདྲེན་འཐབ་ཚུགས་པའི་ རེ་བ་ཡོད་ཟེར་ ཨིན་པའི་གནས་ཚུལ།

སྐད་སྒྱུར་ ཉི་མ་དབང་འདུས།

About admin

Check Also

རང་འབྱུང་ལུ་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་ གནང་པའི་བསྒང་ཡོདཔ།

༉ བཀྲིས་སྒང་ རང་འབྱུང་འོད་གསལ་ཆོས་གླིང་དགོན་པ་ལུ་ གདུང་སྲས་ དགའ་རབ་རིན་པོ་ཆེ་མཆོག་གིས་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་གནང་སར་ ཤར་ཕྱོགས་རྫོང་ཁག་དང་ ས་གནས་སོ་སོ་ལས་ དད་ཅན་སྐྱ་སེར་ཕོ་མོ་༡༠,༠༠༠ ལྷགཔ་ཅིག་འཛོམས་ནུག། གསུང་འབུམ་པོ་ཏི་༢༡ འབད་མིའི་ལྗགས་ལུང་དེ་ ཉིན་བསྟར་བཞིན་དུ་ དྲོ་པ་ཆུ་ཚོད་༨ …

Leave a Reply

Your email address will not be published. Required fields are marked *