༉ གསོ་བའི་ལྷན་ཁག་གིས་ ལོ་ལྔའི་འཆར་གཞི་༡༡ པ་ མཇུག་བསྡུ་བའི་བསྒང་ལས་ ཨ་ལོ་རྨས་སྐྱེས་ཤི་རྐྱེན་མེདཔ་བཟོ་ནི་ཟེར་མིའི་ དམིགས་གཏད་དེ་ གྲུབ་ཚུགས་པ་ ལཱ་ཁག་བཏང་ནི་ཨིནམ་ལས་ རྫོང་ཁག་གི་ དམིགས་གཏད་ཚུ་ ལོག་སྟེ་ར་ བསྐྱར་ཞིབ་འབད་ཡོདཔ་ཨིན་པས།
གསོ་བའི་དྲུང་ཆེན་ ཌོག་ཊར་ཨྱོན་རྡོ་ཕུག་གིས་ བཤད་མིའི་ནང་ ཨ་ལོ་རྨས་སྐྱེས་ཤི་རྐྱེན་མེདཔ་བཟོ་ནི་ཟེར་བའི་ དམིགས་གཏད་དེ་ གྲུབ་ཚུགས་པ་ ལཱ་ཁག་བཏང་ནི་ཨིནམ་མ་ཚད་ གོང་འཕེལ་འགྱོ་ཚར་མིའི་ རྒྱལ་ཁབ་ཚུ་ནང་ཡང་ དམིགས་གཏད་འདི་ གྲུབ་མ་ཚུགས་པར་ དཀའ་ངལ་ཐོན་བཞིན་དུ་ར་ འདུག་ཟེར་ཨིན་པས།
སྤུ་ན་ཁ་ སྨན་ཁང་གི་ གསོ་བའི་སྤྱི་ཁྱབ་འགོ་དཔོན་ ཌོག་ཊར་ཆོས་ཉིད་དབང་མོ་གིས་ གསོ་བའི་ཞལ་འཛོམས་སྐབས་ ཨ་ལོ་རྨས་སྐྱེས་ ཤི་རྐྱེན་རྩ་མེད་བཏང་ནི་ཟེར་མི་དེ་ གྲུབ་མི་ཚུགས་ནི་ཨིནམ་ལས་ ལྷན་ཁག་གི་ཁ་ཐུག་ལས་ བསྐྱར་ཞིབ་འབད་དེ་ གནང་དགོཔ་འདུག་ཟེར་ཞུ་ཡི།
རྫོང་ཁག་གསོ་བའི་ལས་བྱེདཔ་ཚུ་གིས་ ལྷན་ཁག་ལུ་ དྲི་བསྟུན་མ་འབད་བར་ ལོ་ལྔའི་འཆར་གཞི་༡༡ པའི་ནང་ ཨ་ལོ་རྨས་སྐྱེས་ཤི་རྐྱེན་ རྩ་མེད་བཏང་ཚུགས་ཟེར་ བཙུགས་ནུག་ཟེར་ ཌོག་ཊར་ཨྱོན་རྡོ་ཕུག་གིས་ བཤདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ འདི་བཟུམ་གྱི་ དམིགས་གཏད་བཞག་དགོ་པའི་ གནད་དོན་གཙོ་བོ་ཅིག་ ལོ་བསྟར་བཞིན་གྱི་ ཨ་ལོ་ཤི་རྐྱེན་གྱི་ གྱངས་ཁ་བཙུགས་དཔ་འདྲཝ་འབད་བ་ཅིན་ ལེགས་ལྡན་གྱི་ རྟགས་མཚན་མེན་མི་ལུ་ གཞི་བཟུང་ཐོག་ལས་ གྱངས་ཁའི་གྲངས་དེ་ ཀླད་སྐོར་སྦེ་ བཙུགས་ནུག་ཟེར་ཨིན་པས།
ཨིན་རུང་ དམིགས་གཏད་ལུ་ དཀའ་ངལ་བྱུང་མི་དེ་ སེལ་ཡོད་མི་དེ་ཡང་ ལོ་༥ གི་ནང་འཁོད་ལུ་ རྫོང་ཁག་ཚུ་ནང་ ཨ་ལོ་སྐྱེས་ལོ་༥ ཚུན་འབད་མི་ ག་དེམ་ཅིག་ ཤི་རྐྱེན་བྱུང་ཡོདཔ་ཨིན་ བརྒྱ་ཆ་གུ་ཕབ་ཞིནམ་ལས་ དམིགས་གཏད་ཚུ་ འདི་དང་འཁྲིལ་ཏེ་ བཞག་ནི་སྦེ་ མོས་མཐུན་བྱུང་ཡི་ཟེར་ཨིན་པས།
འདས་པའི་ལོ་༥ འི་ནང་ ཨ་ལོ་རྨས་སྐྱེས་ཤི་རྐྱེན་གྱི་གྱངས་ཁ་དེ་ སྤ་རོ་རྫོང་ཁག་ནང་བཟུམ་ཅིག་འབད་བ་ཅིན་ ཨ་ལོ་༡༠༢ ཡོད་མི་དེ་ མཐོ་ཤོས་ཨིནམ་ལས་ རྫོང་ཁག་འདི་ལུ་ གཞི་བཞག་ཐོག་ལས་ འཆར་གཞི་༡༢ པའི་ནང་ ཤི་རྐྱེན་གྱི་གྱངས་ཁ་༥༠ ལས་ ཉུངམ་སྦེ་ བཞག་ནི་ལུ་ གཙོ་རིམ་བཟུང་ནི་ཟེར་ཨིན་པས།
དེ་ལས་ ཨང་གཉིས་པའི་གྲངས་སུ་ བསམ་རྩེ་རྫོང་ཁག་ཨིན་མི་དེ་ཡང་ ལོ་༥ ནང་ ཨ་ལོ་༨༩ ཤི་རྐྱེན་བྱུང་ཡོདཔ་ཨིན་རུང་ འཆར་གཞི་༡༢ པའི་ནང་ གྱངས་ཁ་༤༥ ལུ་མར་ཕབ་འབད་ནི་ཟེར་ཨིན་པས།
མགར་ས་རྫོང་ཁག་ནང་འབད་བ་ཅིན་ འདས་པའི་ལོ་༥ འི་ནང་འཁོད་ལུ་ ཨ་ལོ་རྨས་སྐྱེས་༥ མ་གཏོགས་ ཤི་རྐྱེན་མ་བྱུངམ་ལས་ རྫོང་ཁག་ཚུ་གི་གྲས་ལས་ ཤི་རྐྱེན་གྱི་གྱངས་ཁ་ཉུང་ཤོས་ཅིག་ཨིན་པས།
བརྗོད་དོན་འདི་དང་འབྲེལ་ ཨ་ལོ་ཨའི་ཤི་རྐྱེན་གྱི་གྱངས་ཁ་དེ་ཡང་ མར་ཕབ་འབད་ནི་ལུ་ གཙོ་རིམ་བཟུང་ནི་ཟེར་ཨིན་པས།
ཐིམ་ཕུག་ལུ་ ཨ་ལོའི་ཨའི་༡༥ ཤི་རྐྱེན་བྱུང་མི་དེ་ མཐོ་ཤོས་ཨིནམ་ལས་ འཆར་གཞི་༡༢ པའི་ནང་༨ ལུ་ མར་ཕབ་འབད་ནིའི་ དམིགས་གཏད་བསྐྱེད་ནི་ཨིན་པས།
གཞན་མི་རྫོང་ཁག་ཚུ་ནང་འབད་བ་ཅིན་ ཨའི་ཤི་རྐྱེན་གྱི་དམིགས་གཏད་དེ་༤ ལུ་ མར་ཕབ་འབད་ནི་ཨིན་པའི་ཁར་ བུམ་ཐང་ སྤུ་ན་ཁ་ བཀྲིས་གཡང་རྩེ་ དེ་ལས་ རྩི་རང་ཚུ་ནང་ ཀླད་སྐོར་ལུ་ གཞི་བཟུང་འབད་ནི་ཨིན་པས།
རྫོང་ཁག་གསོ་བའི་འགོ་དཔོན་ཚུ་གིས་ དམིགས་གཏད་ཚུ་བཟོ་བའི་སྐབས་ལུ་ ལྷན་ཁག་གི་ གཙོ་རིམ་དང་འཁྲིལ་ བཟོ་དགོ་ཟེར་ གསོ་བའི་དྲུང་ཆེན་གྱིས་ བཤདཔ་ཨིན་པའི་གནས་ཚུལ།
ཡེ་ཤེས་སྒྲོལ་མ།