ཨ་ལོ་རྨས་སྐྱེས་ཚུ་ལུ་ ཟས་བཅུད་ཅན་ཚུ་ དུས་ཚོད་ཁར་བྱིན་དགོཔ།

༉ ཨ་ལོའི་འཕྲོད་བསྟེན་དང་ ཨ་ལོའི་རིག་པ་ དེ་ལས་ ཁོང་གི་གཟུགས་ཁམས་ཀྱི་དོན་ལུ་ ཕམ་ཚུ་གིས་འབད་རུང་ ཨ་ལོ་སྐྱེས་ཚར་ཞིནམ་ལས་ སྐྱེས་ལོ་༥ མ་ལང་ཚུན་ཚོད་ སྨན་ཁབ་བཙུགས་ནི་དང་ ལྗིད་ཚད་འཇལ་ནི་ དེ་ལས་ གསོ་བའི་བསླབ་བྱ་གི་དོན་ལུ་ འོང་དགོཔ་དེ་ ཁག་ཆེ་དྲགས་ཅིག་ཨིན་པས།
གསོ་བའི་དྲུང་ཆེན་ ཌོག་ཊར་ཨྱོན་རྡོ་ཕུག་གིས་ བཤད་མི་དང་འཁྲིལཝ་ད་ ཨ་ལོ་ཚུ་ སྐྱེས་ལོ་༥ མ་ལང་ཚུན་ཚོད་ སྨན་ཁང་ནང་ བརྟག་དཔྱད་དང་ ལྗིད་ཚད་འཇལ་ནིའི་དོན་ལུ་ འབག་མ་འོང་མི་དེ་ ཕམ་དང་ གསོ་བའི་ལས་བྱེདཔ་གཉིས་ཆ་རའི་ ཁ་ཐུག་ལས་ མཐུས་ཤོར་ཨིན་ཟེར་ཨིན་པས།
དྲུང་ཆེན་གྱིས་ འབད་བ་ཅིན་ ད་ལྟོ་ཚུན་ཚོད་ ཕམ་ཚུ་གིས་ ཨ་ལོ་རྨས་སྐྱེས་ཚུ་ ལོ་༡ ཚུན་ སྨན་ཁབ་བཙུགས་ནི་དང་ ལྗིད་ཚད་འཇལ་དགོ་ནི་དེ་གིས་ འོང་དོ་ཡོདཔ་ཨིན་རུང་ དེ་གི་ཤུལ་ལས་ ཨ་ལོ་ནཱཝ་ད་མ་གཏོགས་ དུས་ཚོད་གཞན་ཁར་ འབག་མི་འོང་མས་ཟེར་ཨིན་པས།
མ་གཞི་ ཨ་ལོ་སྐྱེས་ལོ་༥ ཚུན་ཚོད་ དུས་ཚོད་ཁར་ ཀྲིག་ཀྲི་སྦེ་ ལྗིད་ཚད་འཇལ་བར་ འབག་འོང་ཚུགས་པ་ཅིན་ ཨ་ལོ་དེ་གི་སྦོམ་ཚད་ག་དེ་སྦེ་ཡོདཔ་ཨིན་ན་དང་ འཕྲོད་བསྟེན་ག་དེ་སྦེ་ཡོདཔ་ཨིན་ན་ཚུ་ ཧ་གོ་ཚུགས་ནི་ཨིནམ་ལས་ དེ་དང་འཁྲིལ་ཏེ་ གསོ་བའི་བསླབ་བྱ་ཚུ་ཡང་ ལེགས་ཤོམ་སྦེ་ བྱིན་ཚུགས་ནི་ཨིནམ་མ་ཚད་ དེ་དང་བསྟུན་པའི་ བཞེས་སྒོ་བཅུད་ཅན་ཚུ་ ག་དེ་སྦེ་བྱིན་དགོཔ་ཨིན་ན་ཚུ་ཡང་ སླབ་བྱིན་འོང་ཟེར་ཨིན་པས།
དུས་ཅི་ སྤྱི་ཟླ་༦ པའི་ཚེས་༧ ལུ་ གསོ་བའི་ལྷན་ཁག་གི་ཁ་ཐུག་ལས་ བཀོད་ཁྱབ་ཅིག་ གནང་ཡོདཔ་ད་ དེ་ནང་ གསོ་བའི་ལྟེ་བ་ག་ར་ནང་ སྐྱེས་ལོ་༥ མན་ཆད་འབད་མི་ ཨ་ལོ་ཚུ་གི་ གསོ་བའི་འཕྲོདབསྟེན་དང་ ཟས་བཅུད་ཚུ་ ག་དེ་སྦེ་ཟ་དོ་ཡོདཔ་ཨིན་ནའི་ ལྟ་རྟོག་ཚུ་འབད་དགོཔ་སྦེ་ བཀོད་ཡོདཔ་ཨིན་པས།
གསོ་བའི་མཐུན་རྐྱེན་དང་ ལྟ་རྟོག་སྡེ་ཚན་དེ་གིས་ གསོ་བའི་ལྟེ་བ་ཚུ་དང་ དབྱེ་ཞིབ་འབད་བར་ འགྱོ་མིའི་སྙན་ཞུ་དང་འཁྲིལཝ་ད་ ད་ལྟོ་ཚུན་ཚོད་ གསོ་བའི་ལྟེ་བ་མང་ཤོས་ཅིག་གིས་ སྐྱེས་ལོ་༥ མན་ཆད་འབད་མི་ ཨ་ལོ་ཚུ་གི་ འཕྲོད་བསྟེན་དང་ ཟས་བཅུད་ཀྱི་ ལྟ་རྟོག་འབད་འབདཝ་མེདཔ་ཨིན་པས།
དྲུང་ཆེན་གྱིས་ བཤད་མིའི་ནང་ མ་འོངས་པ་ལུ་ རྒྱལ་ཁབ་ཀྱི་མི་སེར་ཚུ་ སྒྲིང་སྒྲི་དང་ རིག་པ་ཅན་སྦེ་ འོང་དགོ་པ་ཅིན་ ད་ལྟོ་ལས་ འཕྲོད་བསྟེན་དང་ ཟས་བཅུད་ཅན་ཚུ་ དུས་ཚོད་ཁར་བྱིན་དགོཔ་དེ་ ཁག་ཆེ་ཟེར་ཨིན་པས།
ཕམ་ལ་ལོ་ཅིག་གིས་ ཁོང་རའི་ ཨ་ལོ་དེ་གིས་ བཞེས་སྒོ་ལེ་ཤ་སྦེ་ཟ་ཚུགས་ ཉམས་ཡང་ལེགས་ཤོམ་སྦེ་ བཏགས་ཏེ་ཡོད་ཟེར་ ངལ་རངས་ཏེ་ སྡོད་མི་ཡང་ཡོད་དེ་འབད་རུང་ གཙོ་བོ་ར་ ཨ་ལོ་གི་དོན་ལས་དགོ་པའི་ ཟས་བཅུད་ཅན་དེ་ ག་ཅི་ཨིན་ན་ དེ་ཚུ་ ལེགས་ཤོམ་སྦེ་ དབྱེ་བ་དཔྱད་དེ་ བྱིན་དགོཔ་ཁག་ཆེ་ཟེར་ཨིན་པས།
དེ་སྦེ་ འབད་དགོ་པའི་དམིགས་ཡུལ་གཅིག་ ཨ་ལོ་ཚུ་ ཟས་བཅུད་མ་ཐོབ་པའི་ གྱངས་ཁ་དེ་ མར་ཕབ་འབད་ཐབས་ལུ་ཡང་ ཨིན་ཟེར་ དྲུང་ཆེན་གྱིས་ བཤདཔ་ཨིན་པས།
དྲུང་ཆེན་གྱིས་ འབད་བ་ཅིན་ བློན་ཆེན་ཚེ་རིང་སྟབས་རྒྱས་ཀྱིས་འབད་རུང་ ཟས་བཅུད་མ་ཐོབ་པའི་ ཨ་ལོའི་གྱངས་ཁ་དེ་ མར་ཕབ་འབད་དགོ་པའི་ བཀའ་རྒྱ་གནང་ཡོདཔ་བཞིན་དུ་ དེ་དང་འཁྲིལ་ཏེ་ གསོ་བའི་ལྷན་ཁག་གི་ཁ་ཐུག་ལས་ ཟས་བཅུད་དང་ལྡནམ་སྦེ་མ་ཐོབ་མི་ ཨ་ལོ་སྐྱེས་ནི་ཡོད་མི་ ཨའི་ཚུ་གི་དོན་ལུ་ཡང་ ཟས་བཅུད་ཅན་བྱིན་ནི་ཚུ་ གྲ་སྒྲིག་འབད་དོ་ཟེར་ཨིན་པས།
དེ་སྦེ་ ཟས་བཅུད་ཅན་བྱིན་ནི་དེ་ རང་གིས་ཉོ་དགོ་རུང་ གོང་ཚད་སྦོམ་ཨིནམ་ལས་ གསོ་བའི་ཁ་ཐུག་ལས་ བརྟག་དཔྱད་ལེགས་ཤོམ་འབད་དེ་ ཁག་ཆེ་མི་ཚུ་ལུ་མ་གཏོགས་ ཨའི་ག་ར་ལུ་ བྱིན་མི་ཚུགས་ཟེར་ཨིན་པས།
མ་གཞི་ གསོ་བའི་ལྟེ་བ་ཚུ་གི་ཁ་ཐུག་ལས་ སྐྱེས་ལོ་༥ མན་ཆད་འབད་མི་ ཨ་ལོ་ཚུ་གི་ འཕྲོད་བསྟེན་དང་ ཟས་བཅུད་ཚུ་ ག་དེ་སྦེ་ བྱིན་དོ་ཡོདཔ་ཨིན་ན་ ལྟ་རྟོག་ལེགས་ཤོམ་འབད་དེ་ དེ་དང་བསྟུན་པའི་ བསླབ་བྱ་ཚུ་བྱིན་ཚུགས་པ་ཅིན་ དེ་གིས་ མ་འོངས་པ་ལུ་ ཨ་ལོ་ཚུ་ ཟས་བཅུད་དང་མ་ལྡན་པའི་ དཀའ་ངལ་ཚུ་ཡང་ སེལ་ཚུགས་ཟེར་ གསོ་བའི་དྲུང་ཆེན་ ཨྱོན་རྡོ་ཕུག་གིས་ བཤདཔ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

About admin

Check Also

ད་རུང་ འབྲུག་མི་ཕུཊ་བཱོལ་རྩེད་འགྲན་པ་ཅིག་གིས་ ཕྱི་ཁའི་སྡེ་ཚན་ནང་གྲལ་གཏོགས།

༉ སྐྱེས་ལོ་༢༣ ལང་མི་ སྐལ་བཟང་གིས་ ད་ལྟོ་ རྒྱ་གར་ལུ་ འགོ་འདྲེན་འཐབ་པའི་བསྒང་ཡོད་མི་ ལྡི་ལི་རྐང་རྩེད་ལིག་འགྲན་བསྡུར་༢༠༢༡ ནང་ Garhwal Heroes Football Club ཟེར་ ཕུཊ་བཱོལ་སྡེ་ཚོགས་ …

Leave a Reply

Your email address will not be published. Required fields are marked *