ཨ་ལོ་ཡར་སྐྱེད་དང་གཅེས་སྐྱོང་གོང་འཕེལ་ལྟེ་བའི་ དམིགས་གཏད་གྲུབ་མི་ཚུགས་ནི།

༉ གཞུང་གིས་ རྒྱལ་ཁབ་ནང་ ཨ་ལོ་ཡར་སྐྱེད་དང་གཅེས་སྐྱོང་གོང་འཕེལ་ལྟེ་བའི་ འཛུལ་ཞུགས་གནས་ཚད་ ཡར་སེང་ཐོག་ལས་ སྤྱི་ལོ་༢༠༣༠ འི་ནང་འཁོད་ལུ་ བརྒྱ་ཆ་ཧྲིལ་བུ་འགྲུབ་ནི་གི་ དམིགས་གཏད་བཀོད་ནུག།

ཨིན་རུང་ འཆར་དངུལ་གྱི་ གདོང་ལེན་དང་ སྦྱོང་བརྡར་ཅན་གྱི་ ཨ་ལོ་ཡར་སྐྱེད་དང་གཅེས་སྐྱོང་གོང་འཕེལ་ལྟེ་བའི་ སློབ་སྟོན་པ་དང་ མཐུན་རྐྱེན་ལངམ་སྦེ་མེད་མི་ དེ་ལས་ སློབ་དཔོན་ཚུ་ གསར་བཙུགས་ཀྱི་ གནང་བའི་དོན་ལུ་ སྒུག་དགོཔ་བྱུང་མི་ལུ་བརྟེན་ དམིགས་གཏད་དེ་ འགྲུབ་མི་ཚུགས་ནི་བཟུམ་ཡོདཔ་ཨིན་པས།

ཤེས་རིག་ལྷན་ཁག་གིས་ ལྟེ་བའི་ནང་ འཛུལ་ཞུགས་གནས་ཚད་དེ་ སྤྱི་ལོ་༢༠༢༤ འི་ནང་འཁོད་ལུ་ བརྒྱ་ཆ་༥༠ འགྲུབ་ནི་སྦེ་ དམིགས་གཏད་བཀོད་ཡོདཔ་ད་ ལྷན་ཁག་གི་ ཨ་ལོ་ཡར་སྐྱེད་དང་ གཅེས་སྐྱོང་གོང་འཕེལ་ལྟེ་བ་དང་ དམིགས་བསལ་ལས་རིམ་སྡེ་ཚན་གྱི་གཙོ་འཛིན་ ཤེས་རབ་ཕུན་ཚོགས་ཀྱིས་ སླབ་མིའི་ནང་ བརྒྱ་ཆ་༥༠ དམིགས་གཏད་བཀོད་མི་ལས་ ད་རེས་ བརྒྱ་ཆ་༢༤ རྐྱངམ་གཅིག་ གྲུབ་སྟེ་ཡོདཔ་ལས་ སྤྱི་ལོ་༢༠༢༤ ལུ་ ལྷོད་ནི་གི་ དུས་ཚོད་གངམ་མིན་འདུག་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ ལས་རིམ་དེ་ནང་ འཆར་དངུལ་གྱི་ དཀའ་ངལ་སྦོམ་སྦེ་ར་ ཐོན་ཏེ་ཡོདཔ་ལས་ གལ་སྲིད་ མཐུན་རྐྱེན་ཚུ་ལངམ་སྦེ་ ཡོད་པ་ཅིན་ དམིགས་གཏད་འགྲུབ་ནི་ལུ་ འོས་འབབ་སྦོམ་ཡོད་ཟེར་ཨིན་པས།

འཆར་གཞི་༡༢ པའི་ བར་མཚམས་བསྐྱར་ཞིབ་སྐབས་ ཤེས་རིག་དྲུང་ཆེན་གྱིས ཨ་ལོ་ཡར་སྐྱེད་དང་གཅེས་སྐྱོང་གོང་འཕེལ་ལྟེ་བའི་ གདོང་ལེན་ཡོད་མིའི་སྐོར་ གསལ་ཞུ་འབད་ཡོདཔ་ད་ ལྷན་ཁག་གིས་ ལྟེ་བ་༢༡༦ དང་ ལྟེ་བའི་སློབ་སྟོན་པ་༡༥༠ ཌིབ་ལོ་མའི་ སྦྱོང་བརྡར་བྱིན་ནིའི་དོན་ལུ་ དངུལ་ཀྲམ་ས་ཡ་༡༧༧.༥༨ དགོས་མཁོ་ཡོད་པའི་ གྲོས་འཆར་ཕུལ་ཡི།

ད་རེས་ ལྟེ་བའི་སློབ་སྟོན་པ་ཚུ་ལུ་ ཁྱད་རིག་གོང་འཕེལ་དེ་ བདུན་ཕྲག་༢ ཀྱི་ གཞི་རྟེན་སྦྱོང་བརྡར་དང་ གཙུག་ལག་འོག་མའི་ ཤེས་ཚད་ལས་རིམ་གྱི་ ལག་ཁྱེར་འཆང་མི་ དག་པ་ཅིག་ཡོད་མི་གིས་ སེལ་ཐབས་འབད་དོ་ཡོདཔ་ཨིན་པས།

ཤེས་རབ་ཕུན་ཚོགས་ཀྱིས་ ལྟེ་བ་དེ གལ་གནད་ཅན་ཅིག་ཨིནམ་ལས་ ལྟེ་བའི་སློབ་སྟོན་པ་ སྤུས་ཚད་ཅན་ དགོས་མཁོ་ཡོད་པ་ཅིན་ མཐོ་རིམ་ཤེས་ཚད་ འཆང་མི་དགོ་ཟེར་ བཤདཔ་ཨིན་པས།

ལྟེ་བ་ཚུ་ལུ་ སློབ་སྟོན་པ་ གསར་བཙུགས་ཀྱི་ བྱ་རིམ་ལུ་བརྟེན་ ཐིམ་ཕུག་ཚ་ལུ་མ་འཕེལ་ལུ་ ལྟེ་བ་གསརཔ་ཅིག་ གཞི་བཙུགས་འབད་ཡོད་རུང་ སློབ་སྟོན་པ་མེད་པར་ དེ་སྦེ་ར་ ལུས་ཏེ་ཡོདཔ་ཨིན་པསས།

ལྟེ་བ་ཚུ་ནང་ ཨ་ལོ་ཡང་ སྐྱེས་ལོ་༣ ལས་༥ གི་བར་ན་འབད་མི་ཚུ་ འཛུལ་མི་དེ་ཡང་ བློ་སྟོབས་འཐོབ་ནིའི་དོན་ལུ་ཨིནམ་ད་ ཐིམ་ཕུག་ལུ་ ལྟེ་བ་གཞི་བཙུགས་འབད་མི་ཅིག་གིས་ སླབ་མིའི་ནང་ ཨ་ལོ་ཡར་སྐྱེད་དང་གཅེས་སྐྱོང་གོང་འཕེལ་ལྟེ་བའི་ ལས་རིམ་ལེགས་ཤོམ་ཡོད་མི་དེ་གིས་ སེམས་དང་ མི་སྡེའི་སེམས་ཚོར་དྲག་པོ་ ཁ་སྐད་དང་འབྲི་ལྷག་ཤེས་ཡོན་ བརྡ་དོན་ ཕྱི་གཟུགས་ཀྱི་ཞི་བདེ་ སྤྱིར་བཏང་ཤེས་ཡོན་ལ་སོགས་པའི་ ཤེས་བྱའི་རིག་གནས་༦ ལུ་ གཙོ་རིམ་བཟུང་ཐོག་ལས་ ལྷག་སྦྱང་འབད་ཚུགས་ཟེར་ཨིན་པས།

མོ་གིས་འབད་བ་ཅིན་ ད་རེས་ འབྲུག་མི་ཚུ་གིས་ ལྷབ་སྦྱང་ལས་རིམ་དེ་ ལོ་བསྟར་བཞིན་དུ་ ཡར་སེང་འགྱོཝ་མས་ཟེར་ཨིན་རུང་ ལས་རིམ་དེ་ལུ་བརྟེན་ ཨ་ལོ་ཚུ་ལུ་ ཁེ་ཕན་གྱི་སྐོར་ལས་ ཧ་གོ་བཅུག་ནི་དང་ གོ་བ་བརྡ་སྤྲོད་ ཡར་དྲག་གཏང་དགོཔ་འདུག་ཟེར་ཨིན་པས།

སྙན་ཞུ་ཅིག་དང་འཁྲིལཝ་ད་ ཨ་ལོ་ཡར་སྐྱེད་དང་གཅེས་སྐྱོང་གོང་འཕེལ་ལྟེ་བ་ཚུ་ མཐའ་ཟུར་དང་ ས་ཁ་མཐོ་སའི་ གཡུས་ཁ་ལས་ཕར་ མཐུན་རྐྱེན་མངམ་མེདཔ་ལས་ ལྟེ་བའི་ནང་ འཛུལ་ཞུགས་འབད་མི་ ཉུང་སུ་ཡོད་པའི་ཁར་ ཁྲོམ་ཁ་ལུ་ ལྟེ་བ་མང་ཤོས་ཅིག་ སྒེར་གྱིས་གཞི་བཙུགས་འབད་ཡོདཔ་ལས་ ཉམ་ཆུང་ཚུ་ འཛུལ་ཞུགས་འབད་མ་ཚུགས་པའི་ གདོང་ལེན་ཡོདཔ་ཨིན་པས།

དེ་འབདཝ་ལས་ ཤེས་རབ་ཕུན་ཚོགས་ཀྱིས་ གཞིས་ཆགས་ཚུ་ ཁ་གཏོར་ཏེ་ཡོད་པའི་ མཐའ་ཟུར་གཡུས་ཚན་དང་ ཨ་ལོ་གངམ་མེདཔ་ལས་ ལྟེ་བའི་ཞབས་ཏོག་བྱིན་ནི་དང་ མཐུན་རྐྱེན་གཞི་བཙུགས་འབད་ནི་ལུ་ གདོང་ལེན་ཅན་ཅིག་ཨིན་མས་ཟེར་ བཤདཔ་ཨིན་པས།

གནད་དོན་དེ་ སེལ་ཐབས་འབད་ནི་ལུ་ ལྷན་ཁག་གིས་ འགྲུལ་སྐྱོད་ཐོག་གི་ ཨ་ལོ་ཡར་སྐྱེད་དང་གཅེས་སྐྱོང་གོང་འཕེལ་ལྟེ་བ་དང་ ཁྱིམ་གཞི་བཞག་གི་ལྟེ་བ་ཚུ་ གཞི་བཙུགས་འབད་ནི་གི་ ཐབས་ལམ་ཚུ་ བཏོན་དོ་ཡོདཔ་ད་ ཤུལ་ལས་ ས་གནས་ཚུ་ནང་ ཨ་ལོ་ག་རའི་དོན་ལུ་ ཨ་ལོ་ཡར་སྐྱེད་དང་གཅེས་སྐྱོང་གོང་འཕེལ་ལྟེ་བའི་ མཐུན་རྐྱེན་ཚུ་ འཐོབ་ཚུགསཔ་བཟོ་ནི་གི་ རེ་བ་བསྐྱེད་དོ་ཟེར་ ཤེས་རབ་ཕུན་ཚོགས་ཀྱིས་ བཤདཔ་ཨིན་པས།

ད་རེས་ རྒྱལ་ཁབ་ནང་ མི་སྡེ་དང་ སྒེར་སྡེ་ དེ་ལས་ གཞུང་མིན་ལས་ཚོགས་བརྩིས་ཏེ་ ཨ་ལོ་ཡར་སྐྱེད་དང་ གཅེས་སྐྱོང་གོང་འཕེལ་ལྟེ་བ་༤༩༥ ལུ་ སློབ་ཕྲུག་༨,༠༢༦ དང་ སློབ་སྟོན་པ་༩༤༦ ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *