གསོ་བའི་བློན་པོ་ བདེ་ཆེན་དབང་མོ་གིས་ འཚོ་བཅུད་ལྷན་ཐབས་ཀྱི་ ལག་དེབ་གསལ་སྟོན་འབད་བའི་བསྒང་།

ཨ་ལོ་ཚུ་ལུ་ ཟས་བཅུད་སྨན་ཕྱེ་བྱིན་ནི་གི་ ལས་རིམ་འགོ་བཙུགས་ཡོདཔ།

༉ འབྲུག་པའི་ཨ་ལོ་ཚུ་ལུ་ ཁྲག་ཉུང་ནད་དང་ གཟུགས་སྟོབས་སྦོམ་ནི་མེད་པའི་ དཀའ་ངལ་སེལ་ནི་དང་ གདོང་ལེན་འབད་ནིའི་དོན་ལུ་ གསོ་བ་ལྷན་ཁག་གིས་ འཛམ་གླིང་སྤྱི་ཚོགས་ཨ་ལོའི་མ་དངུལ་ ཡུ་ནི་སེཕ་དང་ མཉམ་འབྲེལ་ཐོག་ ཁ་ཙ་ བསམ་རྩེ་ལུ་ འཚོ་བཅུད་དམ་ ཟས་བཅུད་ལྷན་ཐབས་ལས་རིམ་ཅིག་ འགོ་བཙུགས་ནུག།
ཟད་འགྲོ་འཇམ་པའི་ ལས་རིམ་དེ་གིས་ ཟླཝ་༦ ལས་ལོ་༢ ཚུན་ལང་མི་ ཨ་ལོ་ཚུ་གི་ ལྷན་ཐབས་བཞེས་སྒོའ་ི སྤུས་ཚད་ལེགས་ལྡན་བཟོ་ནི་ལུ་ ལྷན་ཐབས་འབད་ནི་ཨིནམ་ད་ གསོ་བའི་སྨན་ཁང་ལྟེ་བ་ཚུ་གིས་ ལྷན་ཐབས་ཟས་བཅུད་སྨན་ཕྱེ་དེ་ ཨ་ལོའི་ཨའི་དང་ གཅེས་སྐྱོང་པ་ཚུ་གིས་ ཨ་ལོ་སྦོམ་འགྱོ་མིའི་ དུས་རྒྱུན་ལྟ་རྟོག་གི་དོན་ལུ་ འབག་འོངམ་ད་ བགོ་བཀྲམ་འབད་ནི་ཨིན་པས།
ལས་རིམ་དེ་གི་ཐོག་ལས་ བསམ་རྩེ་ལུ་ཡོད་མི་ གསོ་བའི་མཐུན་རྐྱེན་ཆ་མཉམ་གྱི་ནང་ ཟས་བཅུད་དང་ གཏེར་རྫས་ལྷམ་པ་མ་འདྲཝ་༡༥ ཡོད་མི་ ཟས་བཅུད་སྨན་ཕྱེ་ འཐོབ་ཚུགས་ནི་ཨིནམ་ད་ ཕྱེ་ག་རམ་༡ འབད་མི་ ཟས་བཅུད་དེ་ ཨ་ལོའི་ལྟོ་དང་ སླ་བསྲེས་ཏེ་ བྱིན་དགོཔ་ཨིན་པས།
ཟས་བཅུད་ལྷན་ཐབས་ འགོ་བཙུགས་མི་དེ་ཡང་ སྤྱི་ལོ་༢༠༡༥ ལུ་ རྒྱལ་ཡོངས་ཟས་བཅུད་བརྟག་ཞིབ་འབདཝ་ད་ འབྲུག་ལུ་ ཨ་ལོ་༥ ལས་༢ ལུ་ ཁྲག་ཉུང་ནད་དང་ ཨ་ལོ་༥ ལས་༡ སྦོམ་མ་ཚུགས་པར་ ལུས་ཡོད་པའི་ མངོན་གསལ་བྱུང་མི་དེ་ མི་མང་གཟུགས་ཁམས་འཕྲོད་བསྟེན་གྱི་ གནད་དོན་ཚབས་ཆེན་ཅིག་ཨིནམ་སྦེ་ འཛམ་གླིང་གསོ་བའི་ལས་ཚོགས་ཀྱིས་བཀོད་ནུག།
ཁ་ཙ་ ལས་རིམ་འགོ་མ་བཙུགས་པའི་ཧེ་མར་ ཟས་བཅུད་ལྷན་ཐབས་ལས་རིམ་དེ་ བསམ་རྩེ་དང་ དར་དཀར་ནང་ མོང་སྒར་རྫོང་ཁག་༣ གྱི་ གསོ་བའི་ལྟེ་བ་༣ རེ་འབདཝ་ད་ ལྟེ་བ་༩ ནང་ མོ་བཏབ་འབད་ཡོདཔ་ད་ རྫོང་ཁག་དེ་ཚུ་ནང་ མོ་བཏབ་ལས་རིམ་ལུ་ བརྟག་ཞིབ་འབདཝ་ད་ ལག་ལེན་པ་ཚུ་གིས་ ངོས་ལེན་ལེགས་ཤོམ་འབད་བའི་ཁར་ ཨ་ལོ་ཟླཝ་༦ ལས་༢༣ ཚུན་ ལང་མི་ཚུ་གི་ ཟས་བཅུད་གནས་ཚད་ ཡར་དྲག་འགྱོ་བའི་ མངོན་གསལ་དང་ མཐར་འཁྱོལ་ཅན་གྱི་ གྲུབ་འབྲས་བྱུང་ཡོདཔ་ཨིན་པས།
གསོ་བ་ལྷན་ཁག་གིས་ སྤྱི་ལོ་༢༠༢༠ ཟླ་༦ པ་ལས་ རྒྱལ་ཁབ་ནང་འཁོད་ལུ་ ཟས་བཅུད་ལྷན་ཐབས་ལས་རིམ་ ཁྱབ་ཆེ་དྲགས་བཟོ་ནི་གི་ དམིགས་གཏད་འབད་དོ་ཡོདཔ་ད་ ལས་རིམ་དེ་ དར་དཀར་ནང་དང་ མོང་སྒར་ལུ་ གསོ་བའི་ལྟེ་བ་༦ ནང་ འཕྲོ་མཐུད་དེ་ར་ ལག་ལེན་འཐབ་ནི་ཨིན་པས།
གསོ་བའི་བློན་པོ་ བདེ་ཆེན་དབང་མོ་གིས་ ལས་རིམ་འགོ་བཙུགས་གནངམ་ད་ འབྲུག་གི་དོན་ལུ་ དྲན་རྟགས་ཅན་ཅིག་ཨིན་མི་དེ་ཡང་ རྒྱལ་ཁབ་ཀྱི་ མ་འོངས་མི་རབས་ཚུ་གི་ ཉེན་སྲུང་དོན་ལུ་ ཟད་འགྲོ་བཏངམ་ཨིན་ཟེར་ བཤད་ནུག།
མོ་གིས་འབད་བ་ཅིན་ ཨའི་ལུ་ ཟས་བཅུད་ལངམ་མེད་པའི་ དཀའ་ངལ་ཡོད་པ་ཅིན་ ཨ་ལོ་དེ་ལུ་ཡང་ གདོང་ལེན་ཅོག་འཐདཔ་ འབྱུང་འོང་ཟེར་ཨིནམ་ད་ མ་བུ་ལུ་ ཟས་བཅུད་ལངམ་མེད་པའི་ དཀའ་ངལ་སེལ་མ་ཚུགས་པ་ཅིན་ ཨ་ལོའི་གཟུགས་ཁམས་འཕྲོད་བསྟེན་ ལེགས་ལྡན་བཟོ་ནི་གི་ དམིགས་ཡུལ་དེ་ འགྲུབ་མི་ཚུགས་ཟེར་ཨིན་པས།
ཡུ་ནི་སེཕ་གི་སྐུ་ཚབ་ ཌོག་ཊར་ཝིལ་པཱགསི་གིས་ཡང་ འགོ་བཙུགས་རྟེན་འབྲེལ་ནང་ གྲལ་གཏོགས་འབད་ཡོདཔ་བཞིན་དུ་ ཁོ་གིས་འབད་བ་ཅིན་ གལ་གནད་ཅན་གྱི་ ཨ་ལོའི་གནས་སྐབས་ ནང་ ལེགས་ཤོམ་བཟོ་ནི་གི་ བརྩོན་ཤུགས་ནང་ ལྷན་ཐབས་འབད་ཚུགསཔ་ལས་ སེམས་དགའ་ཡི་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ལྷན་ཐབས་བཞེས་སྒོའི་ སྤུས་ཚད་ཡར་དྲག་གཏང་ཐོག་ལས་ ཨ་ལོ་སྦོམ་འགྱོ་ནི་དང་ གཟུགས་ཁམས་འཕྲོད་བསྟེན་ སྒྲིང་སྒྲི་བཟོ་ནིའི་ ཕན་ཐབས་ལུ་ ཨ་ལོ་ཉིན་གྲངས་༡,༠༠༠ མ་ལང་ཚུན་ཚོད་ འཚོ་བཅུད་ལྷན་ཐབས་ཐོབ་ཚུགསཔ་ ངེས་བརྟན་བཟོ་འོང་ཟེར་ཨིན་པས།
འཚོ་བཅུད་ལྷན་ཐབས་ལས་རིམ་དེ་ བསམ་རྩེ་ཤེས་རིག་མཐོ་རིམ་སློབ་གྲྭ་ནང་ འགོ་འབྱེད་འབད་མི་དེ་ནང་ རྫོང་ཁག་དང་ ས་གནས་གཞུང་ འཛམ་གླིང་གསོ་བའི་ལས་ཚོགས་ཀྱི་ འགོ་དཔོན་ཚུ་གིས་ བཅའ་མར་གཏོགས་ཡོད་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

 

About admin

Check Also

ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ …

Leave a Reply

Your email address will not be published. Required fields are marked *