ཨ་ལོ་ཚུ་མ་རྩིས་བ་ཅིན་ སྨན་ཁབ་བཙུགས་མིའི་གྱངས་ཁ་ མི་རློབས་ལས་བརྒྱ་ཆ་༨༠ མི་ལང་ནི།

༉ རྒྱལ་ཁབ་ནང་ ནད་འབུབ་ཀོ་རོ་ན་བའེ་རཱསི་གི་ ཁྱབ་སྤེལ་མར་ཕབ་འབད་ནིའི་དོན་ལུ་ རྒྱལ་ཁབ་ཀྱི་ མི་རློབས་ལས་ བརྒྱ་ཆ་༨༠ ལུ་ ནད་ཡམས་ཀོ་བིཌ་-༡༩ འི་ སྨན་ཁབ་བཙུགས་དགོཔ་ཨིན་རུང་ ད་ལྟོ་ བརྒྱ་ཆ་༥༩ དེ་ཅིག་ལུ་མ་གཏོགས་ བཙུགས་མ་ཚུགས་པར་ ལུས་ཡོདཔ་ཨིན་པས།

གནས་སྡུད་དང་འཁྲིལཝ་ད་ ད་ལྟོ་ རྒྱལ་ཁབ་ནང་ སྐྱེས་ལོ་༡༨ ཡན་ཆད་འབད་མི་ཚུ་ སྨན་ཁབ་བཙུགས་ནི་ལུ་ འོས་ཚད་ལྡན་པའི་ མོ་འབོར་དེ་ར་ མི་འབོར་ཡོངས་བསྡོམས་ལས་ བརྒྱ་ཆ་༨༠ མེདཔ་ལས་ ནད་འབུབ་ཁྱབ་སྤེལ་འགྱོ་ནི་ལས་ བཀག་ཐབས་འབད་ནིའི་དོན་ལུ་ མི་རློབས་ལངམ་སྦེ་ སྨན་ཁབ་བཙུགས་དགོ་པ་ཅིན་ སྐྱེས་ལོ་༡༢ དང་ ཡན་ཆད་འབད་མི་ ཨ་ལོ་ཚུ་བརྩིས་ཏེ་ ད་རུང་ བརྒྱ་ཆ་༢༡ ལུ་ སྨན་ཁབ་བཙུགས་དགོ་ནི་ཨིན་པས།

རྒྱལ་ཡོངས་རྩིས་དཔྱད་བཀོད་འཛིན་གྱི་ ཐོ་དང་འཁྲིལཝ་ད་ རྒྱལ་ཁབ་ནང་ མི་འབོར་ཡོངས་བསྡོམས་༧༥༦,༡༢༩ ཡོདཔ་བཞིན་དུ་ སྨན་ཁབ་ཀྱི་དོན་ལུ་ འོས་ཚད་ལྡན་མི་ སྐྱེས་ལོ་༡༨ ཡན་ཆད་འབད་མི་༥༣༣,༥༥༦ ལས་མེདཔ་ད་ ཨ་ལོ་སྐྱེ་ནི་ཡོད་མི་དང་ ཨ་ལོ་ལུ་ ཨོམ་བྱིན་པའི་བསྒང་འབད་མི་ ཨམ་སྲུ་ཚུ་ ཕྱིར་བཏོན་བཞག་པ་ཅིན་ མི་གྲངས་༤༩༦,༡༥༤ ལས་བརྒལ་ མེདཔ་ཨིན་པས།

མི་འབོར་ཡོངས་བསྡོམས་ལས་ བརྒྱ་ཆ་༨༠ འབད་བ་ཅིན་ མི་གྲངས་༦༠༤,༩༠༣ དེ་ཅིག་ལུ་ སྨན་ཁབ་བཙུགས་དགོ་ནི་ཨིན་རུང་ ཁ་ཙ་ཚུན་ མི་གྲངས་༤༥༤,༡༨༦ ལུ་རྐྱངམ་གཅིག་ལུ་མ་གཏོགས་ སྨན་ཁབ་བཙུགས་མ་ཚུགས་པས།

ཐོ་བཀོད་དང་འཁྲིལཝ་ད་ ཁ་ཙ་ཚུན་ མི་གྲངས་༥༠༢,༠༡༥ ལུ་ སྨན་ཁབ་ཐེངས་དང་པ་ བཙུགས་མི་དེ་ མི་འབོར་ཡོངས་བསྡོམས་ལས་ བརྒྱ་ཆ་༦༦.༤ དང་ མི་གྲངས་༤༤༦,༦༤༢ ལུ་ སྨན་ཁབ་ཐེངས་༢ པ་བཙུགས་མི་དེ་ བརྒྱ་ཆ་༥༩.༡ ཨིན་པས།

དེ་བཟུམ་སྦེ་ འོད་ཚད་ལྡན་པའི་ མི་འབོར་ལས་ སྨན་ཁབ་ཐེངས་དང་པ་བཙུགས་མི་༤༨༣,༤༦༡ འབད་མི་དེ་ བརྒྱ་ཆ་༩༧.༤ དང་ སྨན་ཁབ་ཐེངས་༢ པ་བཙུགས་མི་༤༣༨,༠༠༥ འབད་མི་དེ་ བརྒྱ་ཆ་༨༨.༣ ཨིན་པས།

ས་གནས་ཁག་ཚུ་ནང་ གཞི་བཙུགས་འབད་མི་ སྨན་ཁབ་ཐེངས་༢ པ་ བཙུགས་ནིའི་ལས་རིམ་ཚུ་ ཁ་ཙ་ཕྱི་རུ་ མཇུག་བསྡུ་ཡོདཔ་ད་ ད་ལས་ཕར་ སྤྱི་ཟླ་༧ པའི་ཚེས་༣༡ ཚུན་ ཁྱིམ་སྒོ་བདའ་སྟེ་ སྨན་བཙུགས་ནིའི་ལས་རིམ་ འགོ་འདྲེན་འཐབ་པའི་ཤུས་ལས་ སྨན་ཁབ་བཙུགས་པར་ འོང་མི་ཚུ་ལུ་ ད་རུང་ལོག་ཏེ་ སྨན་ཁབ་བཙུགས་ནི་ འགོ་བཙུགས་ནི་ཨིན་པས།

སྨན་ཁབ་ཐེངས་༢ པ་ བཙུགས་ནི་དེ་ཡང་ སྤྱི་ཟླ་༧ པའི་ཚེས་༢༠ ལས་ འགོ་བཙུགས་ཡོདཔ་བཞིན་དུ་ ཁ་ཙ་ཚུན་འབདཝ་ད་ བདུན་ཕྲག་༡ གི་རིང་ སྨན་ཁབ་བཙུགས་ཡོདཔ་ ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

About admin

Check Also

ཟྭོ་ཆག་གི་ ཟོང་ཆ་ཚུ་ ནད་ཡམས་སྐབས་ལུ་ བཙོང་མ་ཚུགས་པའི་གདོང་ལེན།

༉ ཨ་རྟག་འབད་བ་ཅིན་ ཟྭོ་ཆག་གི་ ཐགས་ལཱ་ལུ་བརྟེན་ འོང་བབས་བཟོ་ཚུགས་དོ་ཡོདཔ་ཨིན་རུང་ ན་ཧིང་ལས་ཚུར་ ནད་ཡམས་ལུ་བརྟེན་ ཚོང་འབྲེལ་ལེགས་ཤོམ་འགྱོ་མ་བཏུབ་ལས་ ཐགས་འཐག་མི་ཨམ་སྲུ་ཚུ་ ད་རེས་ སོ་ནམ་གྱི་ལཱ་འབད་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས། ཀྲོང་གསར་ གླང་མཐིལ་རྒེད་འོག་ སྦས་གླིང་གཡུས་ཚན་ནང་རྐྱངམ་གཅིག་ …

Leave a Reply

Your email address will not be published. Required fields are marked *