ཨ་ལོ་བུཚ་༢ ལུ་ ཆང་བྱིན་མི་ ན་ལོན་༣ འཛིན་བཟུང་འབད་ཡོདཔ།

༉ དབང་འདུས་ཕོ་བྲང་ཉི་ཤོ་རྒེད་འོག་ ཀུན་བཟའ་གླིང་གཡུས་ཚན་ནང་ སྐྱེས་ལོ་༦ དང་༤ ལང་མི་ བུཚ་༢ ལུ་ ཆང་བྱིན་པའི་ གནད་དོན་ལུ་བརྟེན་ ཁྲིམས་སྲུང་འགག་པ་གིས་ མི་༣ འཛིན་བཟུང་འབད་ཡོདཔ་ཨིན་པས།

བུཚ་གི་སྤུན་ཆ་ ཕུརཔ་དབང་འདུས་ཀྱིས་ སླབ་མིའི་ནང་ བུཚ་༢ ཉེ་འདབས་ཀྱི་ ཚོང་ཁང་ནང་ འགྱོ་བའི་སྐབས་ ཕོ་སྐྱེས་༢ དང་ ཨམ་སྲུ་ཅིག་གིས་ བུཚ་༢ ལུ་ ཆང་རོག་བི་ བྱིན་ནུག་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ མི་ངོ་༣ གྱིས་ བུཚ་༢ ཀྱི་དོན་ལུ་ ཁ་ཟས་ཉོ་འབག་པའི་ཤུལ་ལས་ ཆང་འཐུང་སྟེ་ ག་གིས་ཆང་མངམ་འགྲངས་མི་ལུ་ གསོལ་རས་ཏི་རུ་ བྱིན་ནི་ཨིན་ཟེར་ ཨ་ལོ་༢ ལུ་ སླབ་ནུག་ཟེར་ཨིན་པས།

སྐྱེས་ལོ་༦ ལང་མི་ བུཚ་དེ་ ཁ་སླབ་མ་ཚུགས་པའི་ཁར་ དྲན་མེད་ཀྱི་ གནས་སྟངས་ལུ་ཡོད་པའི་ཁར་ བུཚ་གཞན་དེ་ སེམས་གནས་པ་མེདཔ་ ཐལ་ཡོདཔ་མ་ཚད་ སྐད་རྐྱབ་སྡོད་ནུག་ཟེར་ ཕུརཔ་དབང་འདུས་ཀྱིས་ བཤདཔ་ཨིན་པས།

བྱ་ངན་དེ་ཡང་ སྤྱི་ཟླ་༢ པའི་ཚེས་༧ ལུ་ བྱུང་པའི་ཤུལ་ལས་ དེ་ཚེ་ ཕྱི་རུའི་ཆུ་ཚོད་༧.༢༠ དེ་ཅིག་ཁར་ བུཚ་༢ ཀྱི་ཨའི་དང་ སྤུན་ཆ་ཚུ་གིས་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་ནུག།

བྱ་ངན་བྱུང་པའི་སྐབས་ ཨ་ལོ་༢ ཀྱི་ཨའི་དེ་ ལཱ་ནང་འབྲེལ་འཛིན་སྦེ་ སྡོད་ཡོདཔ་བཞིན་དུ་ གནད་དོན་དེ་ ཨ་ལོ་༢ ཕྱི་རུའི་ལྟོ་བཟའ་ནིའི་དོན་ལུ་ འཚོལ་བའི་སྐབས་རྐྱངམ་གཅིག་ ཤེས་ཡོདཔ་ཨིན་པས།

ཨ་ལོ་༢ ཆང་འགྲངས་ཡོདཔ་སྦེ་ ཤེས་པའི་ཤུལ་ལས་ ཕུརཔ་དབང་འདུས་ཀྱིས་ བྱ་ངན་འབད་མི་༣ དང་ ཁ་སླབ་ནི་འབད་བའི་སྐབས་ ཁོང་༣ གྱིས་ ཁས་ལེན་འབད་མ་བཏུབ་པའི་ཁར་ དྲག་སྐྱེད་སྡོད་དེ་ ཉན་མ་བཏུབ་ཨིན་པས།

དེ་འབདཝ་ལས་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་ཡོདཔ་ད་ ཆང་དེ་གིས་ མི་རྒན་ཤོས་ཚུ་ཡང་ གནོད་སྐྱོན་རྐྱབ་དོ་ཡོདཔ་ལས་ ཨ་ལོ་ཚུ་ལུ་ གནམ་མེད་ས་མེད་ ཉེན་ཁ་ཡོད་ཟེར་ ཕུརཔ་དབང་འདུས་ཀྱིས་ བཤདཔ་ཨིན་པས།

ཁོ་གིས་ སླབ་མིའི་ནང་ སྨན་ཁང་གི་ ནདཔ་སྐྱེལ་ལེན་སྣུམ་འཁོར་ཡང་ གཡུས་ཁར་འབོ་ཡོདཔ་བཞིན་དུ་ ཨ་ལོ་༢ ཁ་ལས་སྐྱུགས་མི་ལུ་བརྟེན་ གུ་ལོ་ཀོསི་ཡང་ བཙུགས་དགོཔ་བྱུངམ་ལས་ དེ་གི་ནངས་པར་རྐྱངམ་གཅིག་ དྲག་ཡོད་རུང་ བཞེས་སྒོ་ལེགས་ཤོམ་སྦེ་ བཟའ་མ་ཚུགས་ཟེར་ཨིན་པས།

དོགས་པ་ཅན་ སྐྱེས་ལོ་༣༤ དང་༢༥ ལང་མི་ ཕོ་སྐྱེས་༢ དང་ སྐྱེས་ལོ་༢༩ ལང་མི་ ཨམ་སྲུ་དེ་ བྱ་ངན་འབད་བའི་ ཕྱི་རུ་ར་ ཁྲིམས་སྲུང་འགག་པ་གིས་ འཛིན་བཟུང་འབད་ཡོདཔ་ཨིན་པས།

འབྲུག་གི་ཨ་ལོ་གཅེས་སྐྱོང་དང་ཉེན་སྐྱོབ་བཅའ་ཁྲིམས་༢༠༡༡ ཅན་མ་དང་འཁྲིལཝ་ད་ ཨ་ལོ་ཚུ་ལུ་ ཆང་བྱིན་མི་དེ་ ཉེས་པ་ཡང་ཕྲའི་ གནོད་འགེལ་གྱི་ ཁྲིམས་སྨིན་དགོ་ནི་ཨིན་པས།

བྱིས་པར་ཉེན་འཚུབས་ཀྱི་ ཉེས་རིམ་དེ་ ཉེས་པ་ཡང་ཕྲ་དང་ ཉེན་ཚབས་ཀྱི་ སྐབས་དོན་འཐོན་ཚེ་ ཉེས་ཕྲ་མིན་དགོཔ་བཞིན་དུ་ བཙོན་ཁྲིམས་མཐོ་ཤོས་ ལོ་༡ དང་ དམའ་ཤོས་ཟླཝ་༡ ཕོག་ཉེན་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

རང་འབྱུང་ལུ་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་ གནང་པའི་བསྒང་ཡོདཔ།

༉ བཀྲིས་སྒང་ རང་འབྱུང་འོད་གསལ་ཆོས་གླིང་དགོན་པ་ལུ་ གདུང་སྲས་ དགའ་རབ་རིན་པོ་ཆེ་མཆོག་གིས་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་གནང་སར་ ཤར་ཕྱོགས་རྫོང་ཁག་དང་ ས་གནས་སོ་སོ་ལས་ དད་ཅན་སྐྱ་སེར་ཕོ་མོ་༡༠,༠༠༠ ལྷགཔ་ཅིག་འཛོམས་ནུག། གསུང་འབུམ་པོ་ཏི་༢༡ འབད་མིའི་ལྗགས་ལུང་དེ་ ཉིན་བསྟར་བཞིན་དུ་ དྲོ་པ་ཆུ་ཚོད་༨ …

Leave a Reply

Your email address will not be published. Required fields are marked *