རྒྱན་ཀ་ནང་འབྲིང་རིམ་སློབ་གྲྭ་འོག་མའི་ནང་ གནས་སོར་འགྱོ་མི་ སློབ་ཕྲུག་ཚུ།

ཨ་ལོ་གསར་སྐྱེས་ བཀོག་བཏང་པའི་ཤུལ་ལས་ སློབ་ཕྲུག་༡༠ གནས་སོར་བཏང་ཡོདཔ།

༉ ཧཱ་དགའ་སྐྱིད་གླིང་ སེར་ཀྲི་ན་སློབ་གྲྭ་ཆུང་བའི་ དབུ་འཛིན་དང་ སློབ་དཔོན་༡ ཕུན་ཚོགས་གླིང་ལུ་ ཨ་ལོ་གསར་སྐྱེས་ཅིག་ ཟ་ཁང་གི་ སྒོ་ཅུང་ནང་ལས་ བཀོག་བཏང་པའི་ འབྲེལ་གནད་ལུ་བརྟེན་ ཁྲིམས་སྲུང་འགག་པ་གིས་ འཛིན་བཟུང་འབད་བའི་ཤུལ་ལུ་ སློབ་གྲྭ་དེ་གི་ སློབ་ཕྲུག་༡༠ གནས་སོར་བཏང་ཡོདཔ་ཨིན་པས།
དེ་ཡང་ བྱུང་རྐྱེན་ལུ་བརྟེན་ སློབ་གྲྭ་ནང་ སློབ་དཔོན་མ་ལང་པའི་ དཀའ་ལུ་ཐོན་ཡོདཔ་ལས་ སློབ་རིམ་༥ པའི་སློབ་ཕྲུག་༥ དང་ སློབ་རིམ་༦ པའི་སློབ་ཕྲུག་༥ བརྩིས་ཏེ་ བུཚ་༦ དང་ བུམོ་༤ དེ་ སྤྱི་ཟླ་༥ པའི་ཚེས་༦ ལུ་ རྒྱན་ཀ་ནང་འབྲིང་རིམ་སློབ་གྲྭ་འོག་མའི་ནང་ གནས་སོར་བཏང་དགོཔ་བྱུང་ནུག།
སེར་ཀྲི་ནའི་ཚོགས་པ་ སོམ་དཱན་རའི་གིས་ སླབ་མིའི་ནང་ སློབ་གྲྭ་དེ་གི་ དབུ་འཛིན་དང་ སློབ་དཔོན་ཅིག་ འཛིན་བཟུང་འབད་བའི་ཤུལ་ལས་ རྫོང་ཁག་ཤེས་རིག་འགོ་དཔོན་ སློབ་གྲྭ་ནང་ འོང་ཞིནམ་ལས་ སློབ་ཕྲུག་ཚུ་ གནས་སོར་གཏང་ནིའི་དོན་ལུ་ ཕམ་ཚུ་དང་ བསྟུན་གྲོས་འབད་དགོཔ་སྦེ་ སླབ་དེས་ཟེར་ཨིན་པས།
དེ་བསྒང་ ཤེས་རིག་འགོ་དཔོན་གྱིས་ སློབ་གྲྭ་ནང་ དེ་འཕྲོ་ལས་ སློབ་དཔོན་ཚབ་ གཏང་ནི་ལུ་ ལཱ་ཁག་ཡོད་ལུགས་དང་ སློབ་དཔོན་མེད་པའི་བསྒང་ལས་ སློབ་ཕྲུག་ཚུ་གི་ ཤེས་ཡོན་ལུ་ ཐོ་ཕོག་ཉེན་ཡོད་པའི་སྐོར་ བཤད་ཡོདཔ་བཞིན་དུ་ ཕམ་ཚུ་གིས་ཡང་ སློབ་ཕྲུག་ཚུ་ གནས་སོར་གཏང་ནི་ལུ་ ངོས་ལེན་འབད་ཡི་ཟེར་ ཚོགས་པ་གིས་ བཤདཔ་ཨིན་པས།
སོམ་དཱན་རའི་གིས་ སླབ་མིའི་ནང་ སློབ་ཕྲུག་ཚུ་ གནས་སོར་བཏངམ་ད་ རྫོང་ཁག་བདག་སྐྱོང་གིས་ སྣུམ་འཁོར་གྱི་ རྒྱབ་སྐྱོར་འབད་ཡི་ཟེར་ཨིནམ་ད་ སློབ་ཕྲུག་ཚུ་དང་ ཆ་རོགས་སྦེ་ ཁོ་ར་འོང་ཡོདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ ད་ལྟོ་ དོ་དམ་འོག་ལུ་ཡོད་མི་ སློབ་དཔོན་༢ ཀྱིས་ སློབ་རིམ་༥ པ་དང་༦ པའི་ སློབ་ཕྲུག་ཚུ་ལུ་ སློབ་སྟོན་འབདཝ་ཨིན་རུང་ སྟབས་ངན་ལུ་བརྟེན་ སློབ་སྟོན་འབད་མི་མེད་པར་ སློབ་ཕྲུག་ཚུ་ གནས་སོར་བཏང་དགོཔ་ བྱུང་ནུག་ཟེར་ཨིན་པས།
ཧཱ་གི་རྫོང་བདག་ ཀུན་བཟང་རྡོ་རྗེ་གིས་ བཤད་མིའི་ནང་ སེར་ཀྲི་ན་སློབ་གྲྭ་ཆུང་བའི་ སློབ་ཕྲུག་ཚུ་ ས་མར་རྒེད་འོག་ རྒྱན་ཀ་ནང་སློབ་གྲྭ་ལུ་ རྩིས་སྤྲོད་འབད་དེ་ ཁ་ཙ་ལས་ དུས་རྒྱུན་གྱི་ སློབ་སྟོན་འབད་ནི་ འགོ་བཙུགས་ཅི་ཟེར་ཨིན་པས།
སློབ་ཕྲུག་ཚུ་ གནས་སོར་བཏང་མི་དེ་ཡང་ ཁོང་གི་ཕན་བདེ་དང་ སྟབས་བདེ་སྡུག་ལུ་ བལྟ་སྟེ་དང་ སློབ་གྲྭ་དེ་ནང་ ནང་སྡོད་མཐུན་རྐྱེན་ཚུ་ཡོདཔ་ལས་ སློབ་ཕྲུག་ཚུ་གིས་ དཔེ་ཆ་ལེགས་ཤོམ་སྦེ་ བལྟ་ཚུགས་པའི་ ཁེ་ཕན་ཡོད་ནི་དེ་གིས་ཨིན་ཟེར་ རྫོང་བདག་གིས་ བཤདཔ་ཨིན་པས།
རྫོང་བདག་ཀུན་བཟང་རྡོ་རྗེ་གིས་ སླབ་མིའི་ནང་ སློབ་ཕྲུག་ཚུ་ གནས་སོར་བཏང་རུང་ སེར་ཀྲི་ན་སློབ་གྲྭ་ཆུང་བ་དེ་ སྒོ་མ་བསྡམ་པར་ རང་འཇགས་སྦེ་ར་ བཞག་འོང་ཟེར་ཨིན་པས།
ད་ལྟོ་ སེར་ཀྲི་ན་སློབ་གྲྭ་ཆུང་བའི་ནང་ གཞི་རྟེན་ཤེས་ཡོན་གྱི་ སློབ་དཔོན་བརྩིས་ཏེ་ སློབ་དཔོན་༣ དང་ བློ་གསར་ལས་ སློབ་རིམ་༤ པ་ཚུན་ སློབ་ཕྲུག་༣༣ དེ་ཅིག་ ལུས་ཡོདཔ་ཨིན་པས།
རྒྱན་ཀ་ནང་སློབ་གྲྭ་དེ་ ཧཱ་ཁྲོམ་ལས་ ཀི་ལོ་མི་ཊར་༡༩ ས་ཁར་ཡོདཔ་ཨིན་པས།
དབུ་འཛིན་དང་ སློབ་དཔོན་ དེ་ལས་ སློབ་གྲྭའི་ཕྱགམ་འཕྱག་མི་ ཨམ་སྲུ་༡ སྤྱི་ཟླ་༤ པའི་ཚེས་༡༥ འི་དྲོ་པར་ ཕུན་ཚོགས་གླིང་ལུ་ ཨ་ལོ་གསར་སྐྱེས་ཅིག་ ཟ་ཁང་གི་ ཐོག་ཚད་༣ པའི་ སྟེང་སྒོའི་སྒོ་ཅུང་གུ་ལས་མར་ བཀོག་བཏང་པའི་ དོགས་པ་ལུ་བརྟེན་ ཁྲིམས་སྲུང་འགག་པ་གིས་ འཛིན་བཟུང་འབད་ཡོདཔ་ཨིན་པས།
སྐྱེས་ལོ་༢༤ ལང་མི་ དོགས་ཅན་ཨམ་སྲུ་དེ་གིས་ འགོ་ཐོག་སྐབས་ ཁྲིམས་སྲུང་འགག་པ་ལུ་ ཨ་ལོ་སྐྱེས་སྐྱེསཝ་མེདཔ་སྦེ་ སླབ་ཡོད་རུང་ ཕུན་ཚོགས་གླིང་སྨན་ཁང་ནང་ བསྐྱལ་བའི་ཤུལ་ལས་ ཨ་ལོ་ཤི་ཤིཝ་སྦེ་ སྐྱེས་ཡོདཔ་སྦེ་ ཁ་བཟེད་ཡོདཔ་ཨིན་པས།
གསོ་བའི་བརྟག་དཔྱད་དང་འཁྲིལཝ་ད་ ལྗིད་ཚད་ཀེ་ཇི་༣.༦ ཡོད་མི་ ཨ་ལོ་བུ་དེ་ མ་ཤི་བར་སྦེ་ སྐྱེས་ཡོདཔ་ཨིན་རུང་ ཨ་ལོའི་ཨ་པ་ ག་ཨིན་ན་ བརྟག་དཔྱད་ཀྱི་དོན་ལུ་ ཁྲག་གི་དཔེ་ཚད་ རྒྱ་གར་ཀཱོལ་ཀ་ཊ་ལུ་ བསྐྱལ་ཡོདཔ་ལས་ ཚན་རིག་བརྟག་དཔྱད་ཀྱི་ གྲུབ་འབྲུས་ལུ་ སྒུག་སྟེ་ཡོདཔ་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

 

About admin

Check Also

དགེ་ལེགས་ཕུག་ལུ་ ཆུ་རུད་བཀག་ཐབས་ཀྱི་ ཆུ་བྱག་དང་ ཆུ་ལམ་ལེགས་བཅོས་འབད་ནི།

ཁྲོམ་སྡེ་གིས་ ལོ་ཕྱེད་ཀྱི་ འཆར་དངུལ་བསྐྱར་ཞིབ་སྐབས་ ཉེན་ཅན་ས་ཁོངས་ཚུ་ནང་ ཆུ་རུད་བཀག་ཐབས་ཀྱི་ གཙོ་རིམ་སྒྲིག་ནི་ཨིན་པས། ༉ གནམ་བྱཱར་གྱི་སྐབས་ ཆུ་རུད་ལས་ ཉེན་སྐྱོབ་འབད་མི་ ཆུ་བྱག་ཚུ་ རམ་ཡར་སོཔ་ལས་ དགེ་ལེགས་ཕུག་ ནམ་མཁའ་གླིང་འདེམས་ཁོངས་ནང་ ཨའི་པོ་ལི་རོང་ཆུའི་ …

Leave a Reply

Your email address will not be published. Required fields are marked *