ཨ་ལོ་གསར་སྐྱེས་བཀོག་མི་ ཨམ་སྲུ་ཅིག་ལུ་ ཉེས་འཛུགས་འབད་ཡོདཔ།

༉ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གི་ ཁྲིམས་རྩོདཔ་གིས་ སྤུ་ན་ཁའི་ རྫོང་ཁག་ཁྲིམས་འདུན་ལུ་ ཨ་ལོ་སྐྱེས་ཞིནམ་ལས་ བཀོག་བཏང་མི་ ཨམ་སྲུ་ཅིག་ལུ་ བཙོན་ཁྲིམས་དམའ་ཤོས་ལོ་༡ དང་ མཐོ་ཤོས་ལོ་༣ སྨིན་དགོ་པའི་ ཉེས་འཛུགས་འབད་ནུག།
དེ་ཡང་ སྤྱི་ཟླ་༡༠ པའི་ཚེས་༡ ལུ་ ཁྲིམས་རྩོདཔ་ཤེས་རབ་བསྟན་འཛིན་གྱིས་ རྫོང་ཁག་ཁྲིམས་འདུན་ལུ་ ཉེས་འཛུགས་འབད་མི་དང་འཁྲིལཝ་ད་ ཨམ་སྲུ་གིས་ ཆེད་དམིགས་སྒོ་ལས་ ཨ་ལོ་གསར་སྐྱེས་བཀོག་བའི་ བྱ་ངན་དེ་ འབྲུག་གི་ ཉེས་འགེལ་ཁྲིམས་དེབ་༢༠༠༤ ཅན་མའི་ དོན་ཚན་༢༡༥ དང་ འགེལ་སོ་ནུག་ཟེར་ཨིན་པས།
དེ་ཡང་ བྱིས་པ་བཀོག་བའི་ གནོད་འགེལ་གྱི་ཉེས་སྐྱོན་ཨིནམ་ལས་ ཁྲིམས་དེབ་དེའི་དོན་ཚན་༢༡༨ པའི་དགོངས་དོན་ལྟར་ ཉེས་ཕྲའི་ཉེས་ཁྲིམས་དམའ་ཤོས་ལོ་༡ ལས་ མཐོ་ཤོས་ལོ་༣ འོག་རྒྱུའི་ བཙོན་ཁྲིམས་སྨིན་དགོ་པའི་ གསོལ་འདེབས་ཞུ་ནུག།
བྱ་ངན་དེ་ཡང་ སྤྱི་ཟླ་༧ པའི་ཚེས་༢༢ ཀྱི་ ཉིན་མའི་ཆུ་ཚོད་༡:༡༠ དེ་ཅིག་ལུ་ ཁྲིམས་སྲུང་འགག་སྡེའི་ཡིག་ཚང་ལུ་ སྤུ་ན་ཁ་ ལོད་སྦིས་ས་ལུ་ ཨམ་སྲུ་ཅིག་གིས་ ཁྱིམ་གྱི་ཟུར་ཁ་ལས་ ཨ་ལོ་གསར་སྐྱེས་ཅིག་ སྔུ་བའི་སྐད་གོ་སྟེ་ འཕྲུལ་མེ་བཏེག་ལྟཝ་ད་ ཨ་ལོ་གསར་སྐྱེས་ཅིག་ གསང་སྤྱོད་ཟུར་ཁར་ རྩྭ་ནང་བཀོག་བཞག་ཡོདཔ་མཐོང་ཡི་ཟེར་ སྙན་ཞུ་འབད་ཡོདཔ་ཨིན་པས།
ཁྲིམས་སྲུང་ཞིབ་དཔྱད་སྡེ་ཚན་དང་ གསོ་བའི་ལས་བྱེདཔ་བཅས་ ཉེས་འབྲེལ་བྱུང་སའི་ས་གནས་ནང་ སོང་ཞིནམ་ལས་ ཞིབ་དཔྱད་འབད་བའི་སྐབས་ ཨ་ལོ་གསར་སྐྱེས་དེ་ ལྟིཝ་མ་བཏོག་པར་ གསང་སྤྱོད་ཟུར་ཁར་ བཀོག་བཞག་ཡོདཔ་མཐོང་ནུག།
སྡེ་ཚན་གྱིས་ སྦོ་ལོགས་ཁར་སྡོད་མི་ཚུ་ལུ་ དྲི་དཔྱད་འབདཝ་ད་ ཁྱིམ་དེ་གི་ འོག་ཐོག་ཁང་མིག་ནང་ ཁང་གླ་ཁར་སྡོད་མི་ ཉེས་འཛུགས་ཅན་གྱི་ ཨ་ཞེམོ་སྡོད་སའི་ གསང་སྤྱོད་ཀྱི་ སྒོ་སྒྲིག་ཤིང་གུ་ ཁྲག་མཐོང་སྟེ་ བརྟག་ཞིབ་འབདཝ་ད་ ཉེས་འཛུགས་ཅན་ཨམ་སྲུ་དེ་ བདའ་ཟུན་ཡོདཔ་ཨིན་པས།
རྩོད་ཉོགས་དེ་གི་སྐོར་ལས་ ཁྲིམས་སྲུང་ཡིག་ཚང་གིས་ བསྐྱར་ཞིབ་དག་གསལ་འབདཝ་ད་ སྤྱི་ལོ་༢༠༡༨ ལུ་ ཉེས་འཛུགས་ཅན་མོ་ར་ ཐིམ་ཕུག་ལུ་ ཟ་ཁང་ཅིག་ནང་ ལཱ་འབད་སྡོདཔ་ད་ མོ་རའི་གཡུས་ དབང་འདུས་མཚོ་གོངམ་རྒེད་འོག་ གཡུས་ཁང་མི་ནང་ལས་ དགེ་སློང་ཅིག་དང་གཅིག་ཁར་ ཕམ་གིས་མ་ཤེས་པར་ དགའ་མཐུན་བཟོ་སྡོད་པའི་སྐབས་ ཨ་ལོ་ཆགས་ནུག་ཟེར་ ཨིན་པས།
སྐྱེས་ལོ་༢༡ ལང་མི་ ཨམ་སྲུ་དེ་ མངལ་ནང་ཨ་ལོ་ཆགས་ཏེ་ ཟླཝ་༤ ལངམ་ད་ དགེ་སློང་དེ་ལུ་ སླབ་པའི་སྐབས་ དགེ་སློང་དེ་གིས་ ཁ་བཟེད་མ་བཏུབ་ཨིན་པས།
སྤྱི་ལོ་༢༠༡༩ འགོ་བཙུགས་ཁམས་ཅིག་ཁར་ ཨམ་སྲུ་དེ་གིས་ ལཱ་གཡོག་བཀོག་བཞག་སྟེ་ ལོད་སྦིས་ས་ལུ་ ཟ་ཁང་ཅིག་ནང་ ལཱ་འབད་སྡོད་ནུག།
དུས་ཅི་ སྤྱི་ཟླ་༧ པའི་ཚེས་༢༡ ལུ་ལཱ་འབདཝ་ལས་ ཧ་སག་ ཨ་ཞེམོ་སྡོད་སར་སོང་ཞིནམ་ལས་ ཟླ་ཁྲག་འོང་ནིའི་དོན་ལུ་ སྐེདཔ་དང་ཕོཝ་ ཤུགས་སྦེ་ནཝ་མས་ཟེར་སླབ་སྟེ་ མོ་གི་ཁང་མིག་ནང་ ཉལ་སྡོད་པའི་ ཤེས་རྟོགས་བྱུང་ཡོདཔ་ཨིན་པས།
དེ་གི་ནུབ་མོ་ ཆུ་ཚོད་༡༠ དང་སྐར་མ་༣༠ དེ་ཅིག་ཁར་ ཨ་ལོ་སྐྱེ་ནི་སྦེ་ ན་ཟུག་རྐྱབ་པའི་སྐབས་ ཨ་ཞེམོ་གིས་ མ་ཤེསཔ་སྦེ་ གསང་སྤྱོད་ནང་སོང་སྟེ་ ཨ་ལོ་སྐྱེས་ཞིནམ་ལས་ གསང་སྤྱོད་ཀྱི་ སྒོ་ཅུང་ནང་ལས་ རྩྭ་ནང་བཀོག་བཏང་ཡོད་པའི་ མངོན་གསལ་བྱུང་ནུག།
ད་རེས་ བུམོ་ཨིན་མི་ ཨ་ལོ་རྨས་སྐྱེས་དེ་ ཨམ་སྲུ་དེ་གིས་ བདག་འཛིན་འཐབ་སྟེ་ ཡོད་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

 

About admin

Check Also

ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ …

Leave a Reply

Your email address will not be published. Required fields are marked *